༢༠༡༧ ཟླ་ ༤ ཚེས་ ༣༠ རེས་གཟའ་ཉི་མ།
༄༅། །བོད་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་མ་སྐུལ་དང་བླངས་ཐོག་ནས་གླིང་ཆེན་ཨོ་སི་ཊོ་ལི་ཡའི་བྷི་རི་སི་བྷེན་གྲོང་ཁྱེར་ནང་དུ་བོད་ཀྱི་དུས་སྟོན་ཐེངས་ ༩ གོ་སྒྲིག་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གདན་ཞུས་ལྟར་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་མཛད་སྒོར་མཉམ་ཞུགས་གནང་འདུག
དེ་ཡང་སྲིད་སྐྱོང་མཆོག་གྲོང་ཁྱེར་གྱི་པཱཝར་ཧའོ་སི་ Powerhouse ཞེས་པའི་ཚོགས་ཁང་ནང་ཕེབས་འབྱོར་སྐབས་ཚོགས་བཅར་བ་རྣམས་ཞབས་སྟེགས་ནས་ཡར་བཞེངས་ནས་དགའ་བསུ་རྒྱ་ཆེ་ཞུས།
སྲིད་སྐྱོང་མཆོག་གིས་བསྟན་འཛིན་ཆོས་རྒྱལ་ལགས་དང་ཁོང་གི་ཕྱག་རོགས་རྣམ་པས་དུས་སྟོན་དེ་འདྲ་གོ་སྒྲིག་གནང་བ་དེས་བོད་ཀྱི་ཐུན་མིན་རིག་གཞུང་ཕྱུག་པོ་ཡོད་པ་དང་བོད་མིའི་འཐབ་རྩོད་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་རྒྱུ་ཡིན་སྐོར་གསུང་དོན།
བོད་ཀྱི་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་འགྲེམས་སྟོན་ཁང་གི་ཅ་ལག་ལྟར་སྒྲིག་གཤོམ་བྱེད་རྒྱུ་ལྟ་བུ་ཞིག་རྩ་བ་ནས་མིན་པར་རིག་གཞུང་དེ་དག་ད་ལྟའི་སྤྱི་ཚོགས་ནང་དངོས་སུ་ཕན་ཐོགས་དང་འབྲེལ་བ་ཧ་ཅང་ཡོད་པ་ཞིག་རེད། དེར་བརྟེན་རིག་གཞུང་དེ་དག་བདག་པོ་བརྒྱབ་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ལས་འགུལ་འདི་ལྟ་བུས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་ང་ཚོ་ཕྱི་རྒྱལ་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་གཏོང་བཞིན་ཡོད་པ་མ་ཟད། པེ་ཅིང་སྲིད་གཞུང་ལའང་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་འཛམ་གླིང་གི་གཅེས་ནོར་ཞིག་ཡིན་སྟབས་རིག་གཞུང་དེ་དག་གཅེས་འཛིན་བྱེད་དགོས་པ་ལས་གཏོར་བཤིག་བཏང་རྒྱུ་ཞིག་རྩ་བ་ནས་མ་རེད། ཅེས་བརྡ་ལན་ཞིག་ཀྱང་གཏོང་བཞིན་ཡོད།
ཅེས་གསུང་རྗེས་ཁོང་གིས་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་གསུང་པ་མ་ཟད། ཚོགས་བཅར་བ་རྣམས་ནས་ཀྱང་དོ་སྣང་ཆེན་པོས་དུས་སྟོན་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་གསུངས།།