༢༠༡༧ ཟླ་ ༤ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཕྱི་ལོ་ ༢༠༡༧།༠༤།༢༡ ཉིན་ཨོ་ལྡི་ཤ་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་སྐབས་དགུ་པའི་འདེམས་ཐོན་འཐུས་མི་གྲངས་ ༡༥ ནས་ཚོགས་མི་ ༡༣ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས་དང་ཚོགས་གཞོན་སངས་རྒྱས་རྡོ་རྗེ་ལགས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ཕྱི་ལོ་ ༢༠༡༧ ཟླ་ ༠༤ ཚེས་ ༢༠ ཉིན་སྔ་དྲོ་ཕྱག་ཚོུད་ ༡༠ ཐོག་ས་གནས་ཁྲིམས་ཞིབ་པས་ཨོ་ལྡི་ཤ་ས་གནས་ལས་ཁུངས་ཀྱི་མདུན་ཐང་དུ་མི་མང་ ༡༠༠ ཙམ་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད། ཨོ་ལྡི་ཤ་ཕུན་ཚོགས་གླིང་གཞིས་ཆགས་སུ་ཡོད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པ་ངོ་སྤྲོད། འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་ནས་ཁ་མཆུ་ཞུ་སྦྱོར་གནང་ཕྱོགས་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ལ་ལན་འདེབས་གནང་འདུག་པ་བཅས།།