༢༠༡༧ ཟླ་ ༤ ཚེས་ ༤ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨ་སམ་དང་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་མཛད་འཕྲིན་བསྐྱང་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་ ༣ བར་ཨ་སམ་ཁུལ་དུ་མཛད་འཕྲིན་ལེགས་པར་གྲུབ་ཡོད་པ་དང་། ད་ཆ་ཨ་སམ་དང་ཨ་རུ་ནཱ་ཅལ་ཁུལ་དུ་གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་གྱི་མཛད་འཆར་ཁག་ལ་ཕྲན་བུ་འགྱུར་བ་ཕྱིན་ཡོད།
དེ་ཡང་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རུ་ན་ཅལ་མངའ་སྡེའི་འབུམ་སྡེ་ལ་ས་གནས་སུ་ཡོད་པའི་སྟོན་པའི་སྐྱེད་མོས་ཚལ་དུ་སྒྲོལ་དཀར་གྱི་ཚེ་དབང་བསྩལ་རྒྱུ་དང་། ཕྱི་ཚེས་ ༦ ཉིན་དི་རང་ Dirang ས་གནས་སུ་ཡོད་པའི་ཐུབ་མཆོག་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་ཀྱི་ཆོས་འབྲེལ་བསྩལ་རྒྱུ།
ཕྱི་ཚེས་ ༨ དང་ ༩ ཉིན་གྱི་སྔ་དྲོ་རྟ་དབང་དུ་ཡོད་པའི་ཡིད་དགའ་ཆོས་འཛིན་དགོན་པར་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས། ཕྱི་ཚེས་ ༡༠ ཉིན་རིག་འཛིན་གདུང་སྒྲུབ་ཀྱི་དབང་བསྩལ་རྒྱུ་ཡིན་འདུག