༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་རྒྱལ་ཡོངས་འཚམས་གཟིགས་སུ་མ་འབྱོར་གོང་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་ལ་འཕྲིན་ཡིག་ཅིག་ཕུལ་ཏེ། ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་ཆོས་དད་དང་ཆབ་སྲིད་ལངས་ཕྱོགས་རྐྱེན་པས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་མཚོན་སླད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་ཡང་འཕྲིན་ཡིག་ནང་འཁོད་དོན། ངའི་བསམ་པར་གལ་ཏེ་ང་ཚོས་དཔལ་འབྱོར་གྱི་ཁེ་ཕན་སླད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་མ་གནང་ན། འཛམ་གླིང་ཡོངས་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་རྒྱུའི་བཟང་སྤྱོད་ཀྱི་འགན་དབང་དེ་ཉིད་ཤོར་ངེས་རེད།
པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་བ་ནས་བཟུང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འགན་ཁུར་བླངས་བའི་རྗེས་རྒྱ་ནག་ནང་གནས་སྟངས་དེ་བས་ཀྱང་སྡུག་ཏུ་ཕྱིན་ཡོད། རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པ་དང་། ཧོང་ཀོང་ནང་མང་གཙོ་དོན་གཉེར་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཁྲིམས་རྩོད་པ་སོགས་ལ་དྲག་གནོན་དང་། བཙོན་འཇུག གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ཆགས་ཡོད།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་བོད་མིའི་ཆོས་དང་། རིག་གཞུང་ཐོག་དམ་བསྒྲགས་དང་རྩ་མེད་བཟོ་རྒྱུས་མཚོན་གྲྭ་བཙུན་གྱི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་འཛིན་སྟངས། དེ་བཞིན་བླ་རུང་ཆོས་སྒར་གཏོར་བཤིག་གི་ལས་འཆར་སྤེལ་བཞིན་པ་མ་ཟད། འཛམ་གླིང་ཁྱོན་ལ་དད་གུས་ཆེན་པོ་ཞུ་ཡུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་དེ་ལྟར་དད་གུས་ཞུས་པ་ཙམ་གྱིས་བཙོན་འཇུག་བྱེད་བཞིན་ཡོད། མདོ་དོན་བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པ་དེ་ཚོ་ང་ཚོས་སྣང་མེད་མ་འཇོག་པར་ངེས་པར་རྒྱ་ནག་གི་སྲིད་འཛིན་ཞི་དང་མཉམ་གླེང་སློང་བྱེད་དགོས་ཅེས་གསུངས་འདུག
ཕྱོགས་མཚུངས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་དང་། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷེན་ཁར་ཌིན་ Ben Cardin ལགས་རྣམ་གཉིས་ཀྱིས་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Rex Tyllerson མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེ་ཤོས་ཞིག་རྩིས་ཏེ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། བོད་ནང་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་འཁྲེགས་འཛིན་གྱི་སྲིད་བྱུས་དེར་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བ་ཞིག་ཡིན་པས། རྒྱ་ནག་གཞུང་ནས་བོད་མིའི་དཔལ་འབྱོར་ཡར་རྒྱས་ཙམ་མིན་པར་བོད་མིའི་ཆོས་དང་རིག་གཞུང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་སོགས་ཞུ་ཡིག་དེའི་ནང་འཁོད་ཡོད།།