༢༠༡༧ ཟླ་ ༤ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །སྦར་སིལ་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་ལྷོ་ཤར་ཡུལ་གྲུ་རོ་མེ་ནི་ཡར་རྟེན་གཞི་བྱས་པའི་ Babes Bolyai གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ནས་ ༩ བར་ཉིན་གྲངས་བཞིའི་རིང་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤ་བྷ་སོ་གྷོར་ Csaba Sogor ལགས་ཀྱིས་གོ་སྒྲིག་གནང་བའི་ལས་རིམ་སྣ་མང་ཐོག་མཉམ་ཞུགས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་འདུག

སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཤ་བྷ་ས་གྷོར་ལགས། རིག་འཛིན་ཆོས་སྒྲོན་ལགས།
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་རོ་མེ་ནི་ཡར་རྟེན་གཞི་བྱས་པའི་ Babes Bolyai གཙུག་ལག་སློབ་གཉེར་ཁང་དུ་ཚོང་དོན་ལྷན་ཚོགས་ཤིག་གི་ཐོག་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གཅིག་སྡུད་དབང་འཛིན་གྱི་རིང་ལུགས་འོག བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། དེ་སྔ་ལོ་ངོ་ ༡༧༥ གོང་བོད་རིག་པའི་མཁས་དབང་ཧང་ག་རི་མི་རིགས་ཡིན་པ་ཀོ་རོ་སི་སོ་མཱ་སན་དོར་ Korosi Csoma Sandor དམ་པ་མཆོག་དང་བོད་ཀྱི་དབར་དམིགས་བསལ་གྱི་སེམས་ཐག་ཉེ་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་དོན། དམ་པ་ཁོང་གིས་ལ་དྭགས་དང་ཁུ་ནུ། རྡོར་གླིང་བཅས་སུ་བཞུགས་ཏེ་ལོ་ངོ་ ༢༢ རིང་བོད་ཀྱི་སྐད་ཡིག་དང་ཆོས་སྐོར་སློབ་སྦྱོང་གནང་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཁོང་ནི་བོད་རིག་པའི་མཁས་དབང་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཁོང་གིས་ཨིན་བོད་ཤན་སྦྱར་བོད་ཡིག་ཚིག་མཛོད་བརྩམས་ཡོད། བོད་པའི་རིག་གཞུང་ཕྱི་ཕྱོགས་སུ་ཁྱབ་སྤེལ་ཡོང་རྒྱུར་ཁོང་གིས་བྱས་རྗེས་ཆེན་པོ་བཞག་ཡོད། དེ་བཞིན་ཁོང་གིས་བོད་ཀྱི་སྨན་རྩིས་དང་ནང་ཆོས་སྐོར་ཕྱག་དེབ་བརྩམས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་ཤ་བྷ་སོ་གྷོར་ལགས་ཀྱིས་ཡུ་རོབ་སྤྱི་མཐུན་ནང་གྲངས་ཉུང་མི་རིགས་སྲུང་སྐྱོབ་གནང་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་། དེ་ཉིན་གཙུག་ལག་སློབ་ཁང་དེའི་རྒྱལ་སྒོའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྐོར་གྱི་འགྲེམས་སྟོན་ཞིག་ཀྱང་བཤམ་སྟོན་གནང་ཡོད། སྐུ་པར་འགྲེམས་སྟོན་དེ་ནི་དེ་སྔ་ཕྱི་ལོོ་ ༢༠༡༥ ལོར་སྦར་སེལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་དང་ Strasbourg བཅས་སུ་བཤམ་སྟོན་གནང་མྱོང་ཡོད།
ཕྱི་ཚེས་ ༡༡ ཉིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གྷོར་ལགས་ཀྱི་གོ་སྒྲིག་འོག་རོ་མི་ནི་ཡ་ Romania མངའ་ཁུལ་ཀྲན་སི་ལུ་ནི་ཡ་ཁྱབ་ཁོངས་ཀོ་ལྦ་སི་ན་རྫོང་དུ་ཡོད་པའི་ Tourist information office ཞེས་པའི་བསྟི་གནས་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་ཀྱི་ལམ་དུ་འཇུག་པ་ཞེས་པའི་བརྗོད་གཞིའི་ཐོག་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་གྲོང་སྡེའི་སྤྱི་ཁྱབ་པ་གྷེ་རི་ཇོ་སེཕ་ལགས་ཀྱིས་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས་རྗེས་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ས་བྷ་སོ་གྷོར་ལགས་ཀྱིས་ཐེངས་འདིའི་འགྲེམས་སྟོན་གྱི་གལ་གནད་སྐོར་དང་། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་མ་ཟད། ༧གོང་ས་མཆོག་དང་ལྷན་མཇལ་འཕྲད་ཞུས་པ་དང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་སྐོར་བསྐྱོད་གནང་བའི་མྱོང་ཚོར། བོད་མིའི་སྒྲིག་འཛུགས་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་གནང་ཡོད།
སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་སྐུ་ཞབས་ཀོ་རོ་སི་སོ་མ་སན་དོར་ Korosi Csoma Sandor མཆོག་གིས་བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་སྐོར་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་ཁག་ངོ་སྤྲོད་དང་། གཞན་ཡང་ཡུ་རོབ་གྲོས་ཚོགས་འཐུས་མི་ཤ་བྷ་ས་གྷོར་ལགས་ཀྱིས་བོད་ཀྱི་གནད་དོན་ཐོག་ཞབས་འདེགས་རྒྱ་ཆེ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་ཡོད། །