༢༠༡༧ ཟླ་ ༤ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ དབུ་འབྱེད་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་ཚོགས་ཆེན་འདིའི་ཐོག་ལ་གོང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་སྟངས་དང་། དེ་བཞིན་ཚོགས་མིས་ལས་བསྡོམས་སྙན་སྒྲོན་ཞུ་སྟངས་བལྟ་སྐབས་ང་ཚོ་བཙན་བྱོལ་གྱི་གནས་སྟངས་འདི་སྤྱི་ཡོངས་ཐོག་ནས་སྒྲིག་འཛུགས་དེ་འདྲ་བཙུགས་ཐུབ་པ་དང་། དངོས་སུ་ལོ་གྲངས་མི་ཉུང་བ་ཞིག་གི་ནང་དཀའ་ལས་མང་པོ་ཞིག་བརྒྱབ་ཐུབ་པ་དེ་དག་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་དང་བརྩི་མཐོང་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་དེ་རིང་གོ་སྐབས་འདི་བརྒྱུད་ནས་འབྲེལ་ཡོད་ཚོང་ལས་བདེ་ཚོགས་དང་། ཚོགས་མི་ཚང་མར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡི་རང་བསྔགས་བརྗོད་དང་། འབྱུང་འགྱུར་ང་ཚོ་གཞིས་བྱེས་མཉམ་འཛོམས་ཟེར་ནའང་འདྲ། གང་ལྟར་བོད་ཕྱི་ནང་གཉིས་ཀ་མཉམ་འཛོམས་ཡོང་བའི་དུས་སྐབས་སུ་ཡིན་ནའང་མུ་མཐུད་ནས་བོད་མི་ས་ཡ་དྲུག་གི་བདེ་དོན་གྱི་གནས་སྟངས་དང་། ལྷག་པར་ཚོང་ལས་ཐོག་ཞབས་འདེགས་ཞུ་ཐུབ་རྒྱུའི་དམིགས་ཚད་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།
དེ་བཞིན་ང་ཚོའི་ཁ་གཏད་ནི་དེང་སང་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་སྟབས། གཞི་རྩའི་འདིར་སྐད་ཆ་ཤོད་མཁན་མི་འདི་གྲྭ་པ་ཞིག་རེད། ཕྱོགས་གཅིག་ནས་དཔལ་འབྱོར་ཐོག་སློབ་སྦྱོང་བྱེད་མྱོང་མེད། གཉིས་ནས་ཚོང་ལས་བདེ་ཚོགས་ལ་དེ་བས་ཀྱང་ཚོང་གི་ལས་རིགས་གཉེར་མ་མྱོང་བ་ཡིན་སྟབས་སྐད་ཆ་མཐོ་དམའ་ཡོང་སྲིད་པ་རེད། འོན་ཀྱང་སྐབས་བབ་ཕྲན་བུ་ཕན་ཐོགས་ཡོང་བར་བསམས་ནས་ཚིག་འགའ་ཤས་ཤིག་ཞུ་འདོད་བྱུང་། འཛམ་གླིང་ནང་མི་འབོར་མང་ཤོས་ནི་རྒྱ་དཀར་ནག་ཡུལ་གཉིས་ཆགས་ཡོད། གཙོ་བོ་རྒྱ་ནག་གཞུང་གི་སྲིད་འཛིན་ཟུར་པ་ཏེང་ཞོའོ་ཕིང་སྐབས་ནས་དཔལ་འབྱོར་གྱི་གནས་སྟངས་གུ་ཡངས་ཐོག་ཕྱི་ལ་སྒོ་མོ་ཕྱེ་བའི་ཐོག་ནས་འཛམ་གླིང་ནང་ལ་དབང་སྒྱུར་བྱེད་མཁན་ཞིག་ཆགས་ཐུབ་ཡོད། དཔལ་འབྱོར་གྱི་ཚོང་འབྲེལ་གནས་སྟངས་དང་ཕྱི་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ། དེ་བཞིན་མ་རྩ་ཤུགས་ཆེན་པོ་ཡོད་པ། ཉིན་མ་གཅིག་དཔལ་འབྱོར་གྱི་གནས་སྟངས་ལ་ཉེན་ཚབ་འཕྲད་རྒྱུ་ཡིན་སྐོར་དཔལ་འབྱོར་རིག་པའི་ཉམས་ཞིབ་པ་ཚོས་བཤད་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་འཕོ་འགྱུར་དེ་ལའང་ང་ཚོ་འབྲེལ་ཡོད་ཚང་མས་དགོངས་པ་བཞེས་པའི་ཐོག་ནས་གོ་སྐབས་འདི་འཛིན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད།
དེ་བཞིན་འབྱུང་འགྱུར་གྱི་ལོ་བཅུ་ཕྲག་གཉིས་ནང་ལ་ད་ལྟ་ང་ཚོའི་གནས་ཡུལ་རྒྱ་གར་གྱི་གཞུང་དང་མི་མང་འདི་འཛམ་གླིང་ནང་ཤུགས་ཆེ་ཤོས་ཆགས་རྒྱུ་ཡིན་སྐོར་གྱི་སྙན་ཐོ་དེ་འདྲ་ཉམས་ཞིབ་པ་ཚོས་འདོན་བཞིན་འདུག དེ་ཚོའི་གྲས་ང་ཚོ་གནས་ཡུལ་རང་ལ་སྡོད་བཞིན་ཡོད་དུས་ཁྲོམ་ས་དང་མ་རྩ་གང་སྤྱིའི་ཐོག་ལ་ཡིན་ནའང་ཆ་ཤས་ལེན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད།
དེ་བཞིན་གོང་དུ་ལས་བསྡོམས་སྙན་སྒྲོན་ཞུས་པའི་སྐབས་སུ་བོད་ནང་དང་འབྲེལ་བ་བྱེད་རྒྱུའི་དམིགས་བསལ་ལས་འཆར་ཞིག་གསུངས་སོང་། བོད་ནང་དཔལ་འབྱོར་གྱི་ཡོང་ཁུངས་ཤུགས་ཆེ་ཤོས་ཤིག་དབྱར་རྩ་དགུན་འབུ་ཆགས་བཞིན་ཡོད། ཚོང་དེ་ལོ་གཅིག་གི་ནང་ཐེངས་རེ་མ་གཏོགས་མེད། གནས་སྟངས་དེའི་ཐོག་ནས་ཁྲོམ་ར་འཚོལ་རྒྱུ་དང་དབྱར་རྩ་དགུན་འབུ་རང་གི་ཐོག་ལ་མ་རྩ་ག་ཚོད་གནས་ཀྱི་ཡོད་མེད་ཐོག་ལ་ལམ་སྟོན་བྱེད་ཐུབ་པ་ཡིན་ན། རིགས་གཅིག་གིས་དབྱར་རྩ་དགུན་འབུ་འདི་ཧ་ཅང་གིས་ཕམ་ཚོང་བྱེད་དེ་བོད་མི་རིགས་ལ་གྱོང་གུན་ཆགས་རྒྱུ། རིགས་གཅིག་གིས་བར་ལ་ཁེ་སང་ཤུགས་ཆེན་པོ་བླངས། དེ་འདྲའི་གནས་སྟངས་ལ་ཁྱད་པར་ཤུགས་ཆེན་པོ་འགྲོ་བཞིན་འདུག དེ་ཐོག་ལ་ཞིབ་འཇུག་བྱེད་ནས་སྙན་ཐོ་འདོན་ཐུབ་ན་ཏན་ཏན་ཕན་ཐོགས་ཡོད་པ་རེད་བསམས་དྲན་བཞིན་འདུག
བོད་ནང་བོད་པའི་ཚོང་པ་ཁག་གཅིག་གིས་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་བཟོ་སྐྲུན་ཤུགས་ཆེན་པོ་གནང་སྟེ་དངུལ་ཕོན་ཆེན་པོ་བྱུང་བ་རྣམས་དངུལ་ཁང་ནང་མ་གཞག་པར་སྐྱེད་ཀ་དངུལ་ཕོན་ཆེན་པོ་ཐོབ་ཐབས་སུ་རྒྱ་མིའི་ཚོང་པ་དེ་ཚོའི་ལག་ཏུ་བཅོལ་བཞིན་ཡོད། འོན་ཀྱང་རྒྱ་ནག་གི་ཚོང་པ་དེ་དག་གར་སོང་ཆ་མེད་ཆགས་སྟབས། བོད་པའི་ཚོང་པ་དེ་ཚོར་རང་གི་མ་དངུལ་དེ་དག་མ་ཐོབ་པའི་གནས་སྟངས་རིགས་གང་མང་འབྱུང་བཞིན་ཡོད་འདུག དེ་ཚོའི་ཐོག་ང་ཚོས་ལམ་སྟོན་དང་། དེ་བཞིན་ཡུ་རོབ་དང་ཨ་རི། ཨེ་ཤི་ཡ། གནས་ཡུལ་རྒྱལ་ཁབ་ནང་ཚོང་འབྲེལ་གྱི་གཏམ་བཤད་གནང་བའི་སྐབས་སུ་དེ་ཚོའི་གྲས་གླེང་སློང་ཐུབ་པ་ཡིན་ན་བོད་ནང་ལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་ཚོང་ལས་ཀྱི་གནས་སྟངས་ལ་ཐུགས་ཕན་གསོ་པའི་རེ་བ་མཐོང་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། །