༢༠༡༧ ཟླ་ ༤ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་བསྐྱང་ཆེད་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ཐོག་བཞུགས་སྒར་ཕོ་བྲང་ནས་སྐུ་འཁོར་ལྷན་རྒྱས་ཆིབས་འགྲོ་བརྒྱུད་གྷ་གྷལ་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། སྐབས་དེར་ཕེབས་ལམ་དུ་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༢༧ ཉིན་མཁས་དབང་ཨེམ་ཨེལ་སོན་དྷིའི་རྗེས་དྲན་ཐེབས་རྩ་ The Professor M.L sondhi Memorial Trust དང་། ཨེམ་ཨེལ་སོན་དྷིའི་ཨེ་ཤི་ཡ་ཞི་བདེའི་རྩ་དོན་བསྟི་གནས་ཁང་ The M.L sondhi Institute shondhi ཐུན་མོང་ནས་གདན་ཞུ་གསོལ་འདེབས་ཞུས་དོན་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་ཚོགས་ཁང་ India International Center དུ་བྱམས་བརྩེ་དང་གོ་ལ་ཧྲིལ་པོའི་འགན་འཁུར་ Compassion & Global Responsibility ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།