༢༠༡༧ ཟླ་ ༤ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་
ཕྱི་ཚེས་ ༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཞབས་སོར་འཁོད་དེ་འབྲེལ་ཡོད་བོད་མི་གཞིས་སྒར་དང་གདན་ས་གྲྭ་ཚང་ཁག་བཅས་ལ་ཆོས་འབྲེལ་གྱི་མཛད་རིམ་རྒྱ་ཆེ་བསྐྱངས། ཟླ་འདིའི་ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་རྫོགས་ཆེན་དགོན་དུ་ཞབས་སོར་འཁོད་ཡོད་པ་དང་། དེར་བཞུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་དང་། ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན། ས་གནས་འགོ་འཛིན་དང་ས་འཐུས་ཚོགས་གཙོ། དེ་བཞིན་ས་གནས་མི་མང་བཅས་ཀྱིས་སེར་སྦྲེངས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མི་མང་ལ་ནང་ཆོས་ངོ་སྤྲོད་དང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་མཛད་པའི་ཚེ་དབང་ལོ་བརྒྱ་མའི་ཚེ་དབང་བཀའ་དྲིན་ཆེ་ཡོད་པ་མ་ཟད་བགྲེས་སོང་རྒན་ཁོག་རྣམས་ལ་དམིགས་སུ་བཀར་ནས་འཕོ་བ་དང་ཚེ་འགུག་སོགས་འདི་ཕྱི་བདེ་བའི་ལམ་སྟོན་བཀའ་སློབ་ཟབ་རྒྱས་བཀའ་དྲིན་བསྩལ།
ཕྱི་ཚེས་ ༢༡ ཉིན་སྔ་དྲོ་ཀོ་ལི་གལ་དོན་ལྡན་གླིང་ནས་ལྷོ་སྤྱིས་དབུས་བདེ་སྲུང་མི་སྣ་དང་སྐུ་འཁོར་བཅས་ཆིིབས་ཐོན་གྱིས་ཧུན་སུ་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཞབས་སོར་འཁོད་ནས་ཉིན་གུང་ལྗགས་སྨིན་དང་དེའི་རྗེས་རྒྱུད་སྨད་གསུང་ཆོས་ར་བའི་ནང་མི་མང་ལ་ཕུར་པའི་བཀའ་སྒོ་དང་བཀའ་སློབ་བསྩལ།
ཉིན་གུང་ཚོུད་ ༡ ཡོལ་ཙམ་ལ་རྫོང་དཀར་ཆོས་སྡེར་ཞབས་སོར་འཁོད་དེ་དེར་འདུས་མི་མང་དང་འདུས་སྤྱི་ཡོངས་ལ་བཀའ་སློབ་དང་གང་བློ་མའི་ལྗགས་ལུང་བཅས་གྲུབ་རྗེས་སྟོན་པའི་སྐྱེད་ཚལ་དབུ་འབྱེད་རབ་གནས་མཛད།
ཕྱི་དྲོ་ཆུ་ཚོད་ ༣ ཕྱེད་ཀའི་ཐོག་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་ཞབས་སོར་བདེ་བར་འཁོད། ཕྱི་ཚེས་ ༢༢ ཉིན་ཕྱེད་ནས་མི་མང་ལ་མཇལ་བྱིན་དང་ཕྱི་ཚེས་ ༢༣ དང་ ༢༤ བཅས་སོ་སོར་མི་མང་ལ་རིགས་གསུམ་མགོན་པོའི་རྗེས་གནང་དང་ཀུན་རིག་དབང་སོགས་ཀྱི་ཆོས་འབྲེལ་རྒྱ་ཆེར་བསྩལ།
ཕྱི་ཚེས་ ༢༥ བཀྲ་ཤིས་ལྷུན་པོ་མཁན་ལས་འདུས་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞབས་སོར་བཀའ་དྲིན་བསྐྱང་ནས་དགོན་པར་གནས་གཟིགས་དང་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་བསྩལ།
ཕྱི་ཚེས་ ༢༦ ཉིན་སྔ་འགྱུར་རྙིང་མའི་བྱེས་ཀྱི་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་བཀའ་དྲིན་བསྐྱངས་གནང་ནས་དགོན་པར་གནས་གཟིགས་དང་། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་འདུས་ཚོགས་ཡོངས་ལ་དཔལ་ཆེན་རྡོ་རྗེ་ཕུར་པའི་གཏོར་དབང་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད།
ཕྱི་དྲོ་བྱེས་ཀྱི་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དང་སེར་བྱེས་སློབ་གྲྭ སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། གཙང་པ་ཁང་ཚན་བཅས་ལ་སྣང་གསལ་མར་མེ་ཞལ་འབྱེད་དང་གནས་གཟིགས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས། དེ་རྗེས་སེ་ར་བླ་སྤྱིར་ཞབས་སོར་བཀའ་དྲིན་བསྐྱངས་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་བསྟན་འགྲོའི་དོན་མཛད་དགོས་ཚུལ་སོགས་ལམ་སྟོན་བཀའ་སློབ་རྒྱ་ཆེར་བསྩལ་གྲུབ་རྗེས་ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས་སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་གང་ཉིད་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་ཞལ་འདོན་གནས་བཅུ་དང་ཞབས་བརྟན་གསོལ་འདེབས་སོགས་གྲུབ་རྗེས། སློབ་གཉེར་བ་རྣམས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་སྒོ་ནས་དམ་བཅའ་དང་རྟགས་གསལ་གཟིགས་འབུལ་ཞུས་ནས་དེར་བཞུགས་ཞག་མཛད།
ཕྱི་ཚེས་ ༢༧ སྔ་དྲོ་སེར་སྨད་གཙང་པ་ཁང་ཚན་དང་འབྲི་གུང་དགོན་པ། ཀརྨ་བཀའ་བརྒྱུད་ན་ལེནྜ་དགོན་པ་བཅས་ལ་ཆིབས་བསྒྱུར་དང་ཁོར་ཡུག་སྲུང་སྐྱོབས་ཀྱི་མཛད་སྒོར་བཅས་ལ་ཞབས་སོར་བཀའ་དྲིན་བསྐྱང་ནས་བཀའ་སློབ་ཆོས་འབྲེལ་སོགས་གནང་། ཉིན་གུང་ཆུ་ཚོད་ ༡༢ ཐོག་གྷོ་ལ་ཐལ་ལ་གཞིས་གྲོང་ལ་ཞབས་སོར་འཁོད་ནས་དེར་བཞུགས་མི་མང་ལ་ལམ་སྟོན་བཀའ་སློབ་བཀའ་སྒོ་བཅས་མཛད།
ཉིན་རྒྱབ་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་མི་མང་ལ་འཕོ་ལུང་དང་བཀའ་སྒོ་སོགས་གནང་རྗེས་དབུས་གཙང་ཆོལ་ཁས་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་༢༨ ཉིན་སྔ་དྲོ་ཅ་ཀུར་མི་མང་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཞབས་སོར་བཀའ་དྲིན་བསྐྱངས་ནས་ཆོས་འབྲེལ་བཀའ་སློབ་དང་མཇལ་བྱིན་བསྩལ་གྲུབ་རྗེས་མི་ཚོགས་བརྒྱ་ཕྲག་མང་པོ་ཕེབས་སྐྱེལ་གྱི་འཁྲོད་ནས་རེ་ཞིག་ཆོས་འབྲེལ་གྱི་མཛད་རིམ་ཁག་ལེགས་པར་གྲུབ་ནས་སྦེང་ལོར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་ཡོད་པ་དང་། སྦེང་ལོར་ནས་མཁའ་ལམ་བརྒྱུད་ཕྱིར་བཞུགས་གནས་རཱཇ་སྤུར་དུ་ཞབས་སོར་བཀའ་དྲིན་བསྐྱང་ཡོད།