ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ ཉིན་གྱི་སྔ་དྲོ་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྡི་རང་ས་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་རྟེན་དང་བརྟེན་པ་བཅས་པར་རབ་གནས་བཀའ་དྲིན་གྱི་མཛད་སྒོ་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་དོན། བུད་མེད་ཁག་གཅིག་གིས་རིགས་ལམ་ཐོག་ནས་རྟགས་གསལ་བཏང་བ་དེར་ཧ་ཅང་དགའ་ཚོར་བྱུང་། ངོས་རང་ལ་མཚོན་ན་དཔལ་ན་ལེནྡྲའི་སློབ་མ་ཞིག་ཡིན། རིགས་ལམ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ད་ཆ་མི་སྐྱ་ཕོ་མོ་ཚོས་རྟགས་གསལ་གྱི་བགྲོ་གླེང་བྱེད་པ་མཐོང་སྐབས་ངོས་རང་དངོས་གནས་ཧ་ཅང་དགའ་ཚོར་སྐྱེ་བཞིན་འདུག ཅེས་བཀའ་ལན་སྩལ་རྗེས་གསར་འགོད་པ་ཞིག་གིས། རྒྱ་ནག་དང་ལྷན་བོད་ཀྱི་སྐོར་གླེང་རྒྱུ་འདི་ཡང་བགྲོ་གླེང་ཞིག་ཡིན་སྟབས། འདིའི་ཐོག་སྐུ་ཉིད་མཆོག་ལ་རྒྱུ་མཚན་གྱི་རིག་པ་ཇི་ཡོད། ཅེས་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་དེ་སྔ་གྲོང་ཁྱེར་གྷོ་ཧ་ཊིར་བརྗོད་པ་ལྟར། ངོས་རང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོང་རྒྱུ་འདི་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་དང་འབྲེལ་བ་གཏིལ་འབྲུ་ཙམ་ཡང་མེད། ངོས་ཀྱིས་རེ་བར་རྒྱ་ནག་གི་དཔོན་རིགས་ཚོ་འདིར་ཕེབས་ནས་ངོས་ཀྱིས་འདིར་ལས་དོན་གང་སྤེལ་བཞིན་ཡོད་པ་གཟིགས་ཐུབ་ན། བརྒྱ་ཆ་བརྒྱ་ནས་བརྒྱ་ཐམ་པ་ཆབ་སྲིད་མ་རེད། ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པས། ༸གོང་ས་མཆོག་ཨ་རུ་ནཱ་ཅལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་པ་དེར་རྒྱ་ནག་གཞུང་གིས། རྒྱ་དཀར་ནག་གཉིས་ཀྱི་འབྱུང་འགྱུར་འབྲེལ་ལམ་ཐད་ཕན་ཐོགས་མེད་པ་མ་ཟད། མཇུག་འབྲས་ངན་པ་ཞིག་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུ་སྐབས་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་གར་གཉིས་ཨེ་ཤི་ཡའི་ནང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཉིས་ཆགས་ཡོད། ལོ་རྒྱུས་ཐོག་ནས་བཤད་ན་རྒྱ་ནག་དེ་ནང་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ནཱ་ལེནྡྲའི་བཞེད་སྲོལ་གྱི་རྗེས་འབྲང་པ་ཞིག་ཡིན། དེར་བརྟེན་ངོས་ཀྱིས་ཡང་ཡང་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོ་དང་། ལྷག་པར་རྒྱ་གར་གཞུང་གིས་རྒྱ་གར་ནང་གི་ཁ་ཆེ་བ་ཚོར་མེ་ཀར་ Mecca ཧ་ཇི་ Haj གནས་མཇལ་འགྲོ་རྒྱུར་མཐུན་འགྱུར་སྦྱོར་བཞིན་པ་ལྟར། རྒྱ་རིགས་ནང་པ་ཚོར་ཡང་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ལ་གནས་མཇལ་དུ་ཡོང་རྒྱུའི་མཐུན་འགྱུར་སྦྱར་ཐུབ་ཚེ། ད་ལྟའི་འཆར་རྒྱ་ནག་ནང་དུ་རྒྱ་རིགས་ནང་པའི་མི་འབོར་ས་ཡ་ ༤༠༠ ཡོད་པ་རྣམས་ལ་ཕན་ཐོགས་ཧ་ཅང་ཡོང་ངེས་དང་། ཕྱོགས་གཅིག་ནས་མི་སྒེར་ལ་མཚོན་ན་བློ་ཚིམས་པ་ཞིག་ཡོང་རྒྱུ། གཉིས་ནས་རྒྱ་རིགས་དེ་དག་རྒྱ་གར་ནང་གི་ནང་པའི་གནས་ཆེན་ཁག་ལ་གནས་སྐོར་ཐུབ་ཚེ་རྒྱ་གར་ནང་གི་རང་དབང་གི་ཚོར་བ་དེ་མཐོང་ཐུབ། སྨྲ་བརྗོད་ཀྱི་རང་དབང་ལྟ་བུར་མཚོན་ན་རྒྱ་གར་ནང་ཧ་ལས་པའི་ཡག་པོ་འདུག སྐྱོན་ཕྲན་བུ་ཡོད་ཀྱང་སྤྱི་ཡོངས་ནས་བཤད་པ་ཡིན་ན་རྒྱ་གར་འདི་འཛམ་གླིང་ནང་མང་གཙོའི་རིང་ལུགས་བརྟན་ཤོས་ཤིག་དང་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཆགས་ཡོད། ད་ཆ་རྒྱ་གར་གྱིས་རང་གི་ཕ་མེས་ཀྱི་ལེགས་བཤད་དེ་དག་བདག་གཅེས་བྱ་རྒྱུར་དོ་སྣང་སྤྲོད་དགོས། དེ་འདྲ་བྱུང་བ་ཡིན་ན་ལུས་སེམས་གཉིས་ཀར་བདེ་སྐྱིད་ཡོང་ཐུབ། ལྷག་པར་སེམས་ནང་ཞི་བདེ་ཡོང་ཐུབ། དེ་ཙམ་མ་ཟད། རྒྱ་གར་གྱིས་འགྲོ་བ་མི་རིགས་ཀུན་གྱི་བདེ་དོན་ཆེད་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ། ཅེས་བཀའ་ལན་སྩལ།
དེ་ནས་གསར་འགོད་པ་གཞན་ཞིག་གིས། བོད་ནང་དུ་༸གོང་ས་མཆོག་ལ་ཕེབས་སྒུག་ཞུ་མཁན་ཧ་ཅང་མང་པོ་ཡོད་སྟབས། རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུས་ནས་བོད་ནང་གདན་འདྲེན་ཞུ་དགོས་པའི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། བོད་མི་ཚོ་བརྗོད་མི་དགོས་པ་རེད། དེང་སྐབས་བདུན་ཕྲག་རེ་རེའི་ནང་རྒྱ་ནག་སྐམ་ས་ནས་རྒྱ་རིགས་བཅོ་ལྔ་ཉི་ཤུ་འཆར་ཅན་ངོས་རང་ཐུག་པར་ཡོང་གི་འདུག ཁོང་ཚོ་ཕལ་མོ་ཆེ་མིག་ཆུ་བཏང་ནས་ང་ཚོ་མ་རྗེད་རོགས། ཐུགས་རྗེས་གཟིགས་རྒྱ་ནག་ཏུ་ཕེབས་རོགས། ཞེས་བརྗོད་ཀྱི་འདུག ཕྱོགས་མཚུངས་བོད་མི་ཚོའང་དེ་མཚུངས་བརྗོད་ཀྱི་འདུག སྐབས་དེར་ངོས་ཀྱིས་རྒྱ་ནག་གཞུང་གིས་ངོས་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ནམ་བཏོན་ཚེ་ངོས་རང་བོད་ནང་འགྲོ་རྒྱུ་གྲ་སྒྲིག་ཨང་གསར་ཡོད། ད་ལྟའི་གནས་སྟངས་འདིའི་འོག་ནས་ངོས་རང་བོད་ལ་ཕྱིན་པ་ཡིན་ན། གནམ་ཐང་ནས་ངོས་ཀྱི་ལག་པར་ལྕགས་ཐག་བརྒྱབ་རྒྱུའི་ཉེན་ཁ་ཡོད། ཅེས་བཀའ་ལན་སྩལ།
དེ་རྗེས་གསར་འགོད་པས་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བོད་ནས་ས་ཨ་རུ་ནཱ་ཅལ་ས་མཚམས་བརྒྱུད་ནས་ཕེབས་པའི་ཚོར་སྣང་དེ་ད་ཆ་སྐྱར་དུ་ཐུགས་དྲན་གསོ་མཛད་མིན་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། དྲན་གྱི་འདུག ཉིན་ཤས་གོང་གྷོ་ཧ་ཊིར་ཨ་སམ་དམག་སྡེ་རུ་ཁག་གི་དམག་མི་ཞིག་ཐུག་བྱུང་། སེམས་ཚོར་ཧ་ཅང་བྱུང་། སྐབས་དེར་ངོས་རང་ཨ་རུ་ནཱ་ཅལ་ས་མཚམས་སུ་འཛུལ་སྐབས་ཀེན་ཛ་མ་ནིར་འབྱོར་བ་རེད། སྐབས་དེར་ངོས་ལ་རང་དབང་གི་ཚོར་བ་ཞིག་སྐྱེས་བྱུང་། ལོ་དགུའི་རིང་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཚོ་དང་ལྷན་འགྲིག་ཐབས་བྱས་ནས་བསྡད་པ་ཡིན། སྐབས་དེའི་རིང་ངོས་ཀྱིས་མགོ་གཉིས་འཁྲབ་སྟངས་ཤེས་བྱུང་། ཞེས་སྐབས་རེ་འདི་འདྲ་བརྗོད་ཀྱི་ཡོད། ཅེས་ཞལ་ཤོབ་མཛད། གཅིག་སྡུད་དབང་འཛིན་ལམ་ལུགས་འདིའི་འོག་རང་དབང་མེད། རྒྱ་རིགས་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། དངོས་ཡོད་གནས་ཚུལ་རྣམས་ཤེས་པ་ཡིན་ན། རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ་བདེན་རྫུན་གང་ཡིན་དབྱེ་བ་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་གསར་འགྱུར་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་འདི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཙམ་དུ་མ་ཟད། ཧ་ཅང་གནོད་ཚབས་ཆེན་པོ་ཡོད། དེ་ནས་རྒྱ་ནག་གི་ཁྲིམས་ཀྱི་ལམ་ལུགས་དེ་རྒྱལ་སྤྱིའི་གནས་ཚད་ཐོག་སླེབ་ཐུབ་པ་ཞིག་བཟོ་དགོས། གང་ཡིན་བརྗོད་ན་ངོས་ཀྱི་རྒྱ་རིགས་ཞིང་པ་ཧ་ཅང་མང་པོ་ཞིག་དང་ཐུག་པ་ཡིན། ཁོང་ཚོ་ཁག་གཅིག་ཧ་ཅང་སྐྱོ་པོ་འདུག ངོས་ཀྱིས་ཁོང་ཚོའི་གྲོང་གསེབ་ནང་གི་གནས་སྟངས་སྐོར་སྐད་ཆ་འདྲི་སྐབས་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་བརྗོད་ཀྱི་འདུག ས་གནས་དཔོན་རིགས་ཚོས་དངུལ་ཁོ་ན་དོན་གཉེར་བྱེད་བཞིན་པ་མ་ཟད། དངུལ་ཐོབ་ཆེད་དབང་ཆ་བེད་སྤྱོད་ལོག་པ་གཏོང་བཞིན་འདུག གྲོང་གསེབ་པ་དང་ཞིང་པ་ཚོའི་བདེ་སྡུག་ལ་བསམ་བློ་བཏང་གི་མེད། ཅེས་བཀའ་ལན་སྩལ།།