༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩ ཉིན་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སྤོན་ཌོ་བཀྲ་ཤིས་གླིང་ས་གནས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གིས་སྤོན་ཌོ་བཀྲ་ཤིས་གླིང་མི་མང་ཚོགས་ཁང་དུ་མང་ཚོགས་རྣམས་ལ་གསུང་བཤད་གནང་གྲུབ་མཚམས་གཞིས་ཆགས་ལ་གཟིགས་སྐོར་གནང་།
ཉིན་རྒྱབ་མན་ཌི་གནས་སྡོད་ཁ་ཐོར་མི་མང་དང་སུན་དར་ན་གར་གཉིས་ལ་འཚམས་གཟིགས་གྲུབ་རྗེས་ཧིན་བོད་འཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ Neelam Sharma ལགས་དང་རྒྱུན་ལས་ལྷན་ཐུགས་འཕྲད་དང་བཀའ་མོལ་གནང་། དགོང་མོ་མཚོ་པདྨར་ཕེབས་འབྱོར་སྐབས་མཚོ་པདྨའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་འབྲེལ་མཐུད་པ་དང་སྨན་ཞབས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས།
ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་དགོན་སྡེ་ཁག་ལ་གནས་གཟིགས་གནང་རྗེས་མཚོ་པདྨའི་མི་མང་ལ་གསུང་བཤད་དང་འབྲེལ་དྲི་བ་རྣམས་ལ་ལན་འདེབས་གསལ་བཤད་གནང་། བྷིར་གཞིས་ཁག་དང་མན་ཌི་ཁྱབ་ཁོངས་ས་ཁག་བཅས་པར་འཚམས་གཟིགས་ལེགས་པར་གྲུབ་ནས་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་བཞུགས་སྒར་དུ་ཕེབས་འབྱོར་གནང་ཡོད་པ་བཅས།།