༢༠༡༧ ཟླ་ ༤ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༢ ཉིན་བོད་མི་མང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་བསྟན་འཛིན་འཇམ་དབྱངས་ལགས། མདོ་སྨད་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཉི་ཧོང་དུ་ཕེབས་འབྱོར་བྱུང་འདུག དེ་ཡང་ཁོང་རྣམ་པ་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ན་རི་ཏ་གནམ་ཐང་ Narita International Airportདུ་འཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་ལུང་རྟོག་ལགས་ཀྱིས་གཙོས་དོན་ཁང་གི་ལས་བྱེད་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ཡང་སང་ཉིན་ནས་བཀུར་འོས་སྤྱི་འཐུས་རྣམ་པས་སྐུ་ཚབ་དོན་ཁང་གི་ཚོགས་ཁང་དུ། ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་ལ། ད་ལྟའི་བོད་ནང་གི་གནས་སྟངས་དང་། བཙན་བྱོལ་ནང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས། ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་རྒྱུ་མ་ཟད། དེ་རྗེས་ཉི་ཧོང་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༥ ཉིན་ཉི་ཧོང་སྐུ་ཚབ་དོན་ཁང་དུ་སྐུ་ཚབ་དོན་གཅོད་ལུང་རྟོག་ལགས་ཀྱིས་སྤྱི་འཐུས་རྣམ་པར་དོན་ཀང་གི་ངོ་སྤྲོད་དང་ལས་དོན་གནང་ཕྱོགས་སོགས་ངོ་སྤྲོད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་རྣམ་པ་ཉི་ཧོང་གྲོས་ཚོགས་གོང་མའི་ནང་ཕེབས་ནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་གི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་ཡུལ་དེའི་རྒྱལ་ཡོངས་སློབ་སྟོན་ཚོགས་ཆུང་ Institute of National Fundamentals གི་ཚོགས་གཙོ་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་སྐུ་ས་ཀུ་ར་ཡི་ཡོ་ཤི་ཀོ་ Ms Sakurai Yoshiko མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་སྤྱི་འཐུས་རྣམ་པས་ཡུལ་དེའི་ཤེས་ཡོན་དང་རིག་གཞུང་བསྟི་གནས་ཁང་སོགས་ནང་འཚམས་གཟིགས་སུ་ཕེབས་གཏན་འཁེལ་འདུག་པ་བཅས།།