༢༠༡༧ ཟླ་ ༤ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་དགོན་པའི་ཆོས་རའི་ནང་དུ་འབྲུག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ས་གནས་མོན་པའི་ཡུལ་མི་བཅས་ཁྱོན་མི་གྲངས་ ༣༥༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཉིན་གསུམ་གྱི་རིང་ཆོས་འབྲེལ་བྱས་པ་རེད། ཁྱེད་རང་ཚོ་དངོས་གནས་དད་པ་དང་དམ་ཚིག ལ་རྒྱ་གཡོ་བ་མེད་པ་བྱས་པར་ངོས་རང་ཡང་ཧ་ཅང་དགའ་པོ་བྱུང་། དོན་གཉེར་ཧ་ཅང་ཆེན་པོ་འདུག ཧ་ཅང་དགའ་པོ་བྱུང་། བླ་མ་དང་སློབ་མ་ཐུག་སྐབས་ལས་སུ་བྱ་བ་འདི་ཆོས་འཆད་རྒྱུ་དེ་རེད། ངོས་ཀྱིས་ནམ་རྒྱུན་ཆོས་བཤད་བརྗོད་སྐབས་ལམ་སང་དལ་འབྱོར་དོན་ཆེན་རྙེད་དཀའ་བ་དང་། བཤེས་གཉེན་བསྟེན་ཚུལ་ཟེར་རྒྱུའི་གྲས་འགྲོ་སྟངས་སྤྱིར་དེ་རང་རེད། འོན་ཀྱང་སྔོན་ལ་ནང་ཆོས་ངོ་སྤྲོད་བྱས་ནས། ནང་པའི་ཆོས་ཀྱི་ཁྱད་ཆོས་འདི་ནང་པའི་ལྟ་གྲུབ་ཐོག་ནས་ཡོང་བཞིན་ཡོད། ཆོས་རྐྱང་རྐྱང་ཐོག་ནས་བཤད་པ་ཡིན་ན་ཚན་རིག་པ་དང་ལྷན་དེ་ཙམ་འབྲེལ་བ་བྱེད་ཐུབ་རྒྱུ་མ་རེད། ནང་པའི་ལྟ་གྲུབ་ཐོག་ནས་བཤད་པ་ཡིན་ན་ཚན་རིག་པ་དང་འབྲེལ་བ་ཧ་ཅང་ཡོང་ཐུབ་ཀྱི་འདུག དད་པ་བྱས་ནས་རང་གི་སྟོན་པ་ལ་སྨོན་ལམ་བརྒྱབ་པ་དེ་གཅིག་པོས་འགྲིག་གི་ཡོད་ན། བཀའ་འགྱུར་པོ་ཏི་བརྒྱའི་དགོས་པ་མེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དད་པ་དང་གུས་པ་གཉིས་དབྱེ་བ་ཕྱེ་ནས། དད་པ་བྱེད་ས་ཆོས། གུས་པ་འདི་ཆོས་ལུགས་ཚང་མར་བྱེད་ཀྱི་ཡོད།
འོན་ཀྱང་ལྟ་གྲུབ་དང་དེ་འདྲའི་ཐོག་ནས་འཆད་སྐབས་སྟོན་པ་གཞན་གྱི་གསུང་གླེགས་བམ་དཔེར་ན། བྷ་ཡི་བལ་ལྟ་བུ་པོ་ཏི་གཅིག་རེད། དེ་བཞིན་ཀོ་རན་ལྟ་བུ་པོ་ཏི་གཅིག་རེད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཆད་སྐབས་པོ་ཏི་བརྒྱ་ཙམ་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་ཞེས་པ་འདི་འགྲེལ་བཤད་ཧ་ཅང་རྒྱས་པོ་བཤད་ནས་འགྲོ་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གཙོ་བོར་གྱུར་བའི་གཟབ་པ་དང་རྒྱ་ཆེ་བའི་འགྲེལ་བ་ཀླུ་སྒྲུབ་ཡབ་སྲས་ནས་བཟུང་མཁས་པའི་དབང་པོ་ཚོས་མཛད་པའི་འགྲེལ་པ་པོ་ཏི་ཉིས་བརྒྱ་ཙམ་འདུག
བོད་ལ་སངས་རྒྱས་པའི་ཆོས་དར་ནས་བོད་ཀྱི་མཁས་པས་བཀའ་འགྱུར་བསྟན་འགྱུར་གྱི་དགོངས་འགྲེལ་བརྩམས་པ་པོ་ཏི་ཕལ་ཆེར་ཁྲི་གཉིས་གསུམ་ཙམ་འདུག དེར་བརྟེན་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ནུས་པ་ལ་བརྟེན་ནས་བློར་འགྱུར་བ་འགྲོ་དགོས་པ་ཞིག་ཡིན་པ་ཁྱེད་ཚོས་ཤེས་པའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་གོང་ནས་གོང་དུ་འཕེལ་བར་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས། ཁྱེད་རང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ནང་ཚགས་ཐོག་ནས་ཆོས་དང་ལྟ་གྲུབ་སྐོར་ལ་བགྲོ་གླེང་བྱེད་དགོས། ཡང་འདི་ག་རྟ་དབང་དགོན་པས་མཚོན་གཡས་གཡོན་དགོན་པ་ནས་སློབ་ཁྲིད་གནང་མཁན་དེ་འདྲའང་ཡོང་གི་རེད། དེ་ཚོར་དོ་སྣང་བྱེད་ཤོག
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས། རིག་པ་ནང་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཡང་། སྐྱེ་བ་འཆི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་དང་མཚུངས། ཞེས་གསུངས་ཡོད། ངོས་ལ་མཚོན་ན་ད་ཆ་ལོ་ ༨༢ ལ་བསླེབས་ཡོད། ད་དུང་ཡིན་ནའང་ངོས་རང་སློབ་ཕྲུག་གཅིག་ཡིན་བསམ་པ་དྲན་བཞིན་ཡོད། དུས་ནམ་བྱུང་སྐབས་དཔེ་ཆ་ཀློག བསམ་བློ་བཏང་། སློབ་སྦྱོང་བྱེད་ནས་སྡོད་ཀྱི་ཡོད། དེ་རིང་ཁྱེད་རང་ཚོ་འབྲུག་ནས་དོན་གཉེར་ཆེན་པོ་བྱས་ནས་ཡོང་མཁན་མང་པོ་ཞིག་ཡོད། ཁྱེད་རང་ཚོར་དམིགས་བསལ་གྱི་འཚམས་འདྲི་ཡོད། འཛམ་གླིང་འདིའི་སྒང་གི་རང་དབང་རྒྱལ་ཁབ་ནང་དུ་ཕལ་ཆེར་ནང་པ་སངས་རྒྱས་པའི་ཆོས་དར་བཞིན་པའི་ཆོས་ལྡན་གྱི་རྒྱལ་ཁབ་འབྲུག་ཁོ་ན་ཡིན་པ་ལྟ་བུ་རེད། ང་རང་ཚོ་འབྲུག་དང་བོད་གཉིས་སྔ་མོ་ནས་ཁྱིམ་མཚེས་རེད།
སྐབས་རེ་འཁྲུག་པ་ཏོག་ཙམ་བརྒྱབ་ཡོད། འོན་ཀྱང་སྤྱི་ཡོངས་ཀྱི་ཐོག་ནས་དངོས་གནས་སྤུན་རྒན་གཞོན་ལྟ་བུ་བྱས་ནས་སྡོད་ཀྱི་ཡོད། དེ་འདྲ་ཡིན་དུས་འབྲུག་རྒྱལ་ཁབ་ནི་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་ཐོག་ནས་ལུང་པ་ཡར་རྒྱས་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་ཆོས་དེ་ལམ་དང་ལུགས་སྲོལ་ལྟ་བུ་མིན་པར་ཆོས་ལ་སློབ་སྦྱོང་ཡག་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བར་སྐབས་འབྲུག་ནས་བོད་པ་བཙན་བྱོལ་བའི་ནང་གི་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བའི་བཤད་གྲྭ་ཆེན་པོ་དེ་འདྲའི་ནང་འབྲུག་གི་སློབ་གཉེར་བ་དེ་འདྲ་གང་ཙམ་མཐོང་རྒྱུ་འདུག ཧ་ཅང་ཡག་པོ་རེད། གང་ཐུབ་སློབ་གཉེར་ཤུགས་ཆེན་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ཙམ་ཡིན། བཀྲ་ཤིས་བདེ་ལེགས། ཡང་རྗེས་སུ་མཇལ་ཡོང། ཞེས་བཀའ་སློབ་སྩལ་རྗེས་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་གྷོ་ཧ་ཊིར་ཆིབས་༸ཞལ་སྒྱུར་གནང་མཛད་ཡོད་པ་བཅས།།
མཆན། སྐུ་པར་སྒྲོན་མཁན་འཇམ་དབྱངས་ཚེ་རིང་།