༢༠༡༧ ཟླ་ ༤ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །བཀའ་བློན་རྣམ་པ་ཕྱོགས་མཐའི་གཞིས་ཆགས་ཁག་ཏུ་ས་བགོས་ཕྱོགས་ཕེབས་ལས་གཞི་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཧི་མཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཀམ་རའོ་དང་། ས་ཊོན་ཁམས་ཀཿཐོག སྤོན་ཊ་ཆོལ་གསུམ། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཡོད་པའི་ཧ་སྤུར་དང་། ཁེ་ར། བྷ་ལུ་ཝ་ལ། ལ་ཁན་ཝ་ལ། སེ་ལ་ཁུ། ས་རན་པུར། ཀ་ལ་མེན་ཊོན་དོན་གྲུབ་གླིང་། མ་སུ་རི། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སོགས་སུ་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་རྡ་ས་ནས་ཕེབས་ཐོན་གྱིས་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་སྤོན་ཊ་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། རང་བདེན་ཚོགས་གཙོ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་གིས་གོང་འཁོད་ལས་ཀྱི་སྣེ་མོ་བ་རྣམས་དང་ལྷན་མཇལ་མོལ་གནང་རྗེས། ཁུལ་དེར་རྟེན་གཞི་བྱས་པའི་ཞ་ལུ་དགོན་པར་གནས་མཇལ་དང་། ས་གནས་འགོ་འཛིན་ལས་ཁུང་། རུམ་བཟོ། ཐུག་བཟོ་ཁང་། སྤོན་ཊ་གཏན་སློབ་བཅས་སུ་གཟིགས་སྐོར་ཕེབས་ཡོད།
ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ས་ཏོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གྲུབ་རྗེས་ཀུམ་རའོ་ས་གནས་སུ་ཡོད་པའི་དགོན་པར་གནས་མཇལ་དང་། དེ་བཞིན་མི་མང་ ༤༠ ཙམ་འདུ་འཛོམས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་དང་། བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་ཐབས་བྱུས། བོད་མིའི་ངོ་བོ་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་གལ། འཕྲོད་བསྟེན་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་སྐོར། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། བཀའ་ཤག་གིས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི ཞུ་རྒྱུའི་གསལ་བསྒྲགས་གནང་སྐོར། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧ ལོ་འཁོར་མོར་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་རྒྱུ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར་སོགས་དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་རྩ་འཛིན་གཞིར་བཟུང་གསུང་བཤད་གནང་ཡོད་པ་མ་ཟད། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་བཀའ་བློན་མཆོག་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་དགོན་པར་གནས་མཇལ་དུ་ཕེབས་ཡོད། ཕྱི་ཚེས ༡༢ ཉིན་ནས་བཀའ་བློན་མཆོག་ཧར་སྤུར་དང་ལ་ཁན་ཝ་ལ། ཁེ་ར། བྷ་ལུ་ཝ་ལ། སེ་ལ་ཀུ་བཅས་སུ་འཚམས་གཟིགས་དང་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་འདུག དེ་རྗེས་རིམ་བཞིན་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཡོད་པའི་བོད་མི་གནས་སྡོད་ས་གནས་ཁག་གཅིག་ཏུ་འཚམས་གཟིགས་དང་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་འདུག །