ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་གཞུང་དོན་འཚམས་གཟིགས་ལེགས་པར་གྲུབ་ཡོད།
དེ་ཡང་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་མཐའ་མར་ཕྱི་ཚེས་ ༡༡ ནས་ ༡༤ བར་མོན་གྷོ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གྲུབ་བསྟུན། ཕྱི་ཚེས་ ༡༥ ཉིན་བྷེང་ལོར་ནི་ལ་མང་གྷ་ལའི་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་ཕེབས་ཡོད།
བཀའ་བློན་མཆོག་མོན་གྷོར་ཕེབས་ཞོར་སྦེང་ལོར་ནས་རྒྱང་ཐག་སྤྱི་ལེ་ ༢༠༣ ཙམ་གྱི་སར་ཡོད་པའི་ཅི་ཊ་ར་རྡུར་གྷ་ས་གནས་སུ་ཀར་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་དང་པོ་སྐུ་ཞབས་ནི་ཅི་ལིང་གྷ་པ་དམ་པ་ཁོང་གི་ Nijalingapa Memorial དྲན་རྟེན་དུ་ཆེད་ཕེབས་ཀྱིས་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་ཞུས།
ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཙམ་ལ་བཀའ་བློན་མཆོག་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ཐོག་མར་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི ཆེན་རིན་པོ་ཆེ་མཆོག་མཇལ་བཅར་ཞུས། སྐབས་དེར་བཀའ་བློན་མཆོག་གིས་འཚམས་གཟིགས་ཕེབས་དགོས་དོན་སྐོར་དང་སྐབས་ ༡༥ བཀའ་ཤག་གི་སྲིད་བྱུས་སྐོར་སྙན་གསེང་ཞུས་ཡོད།
ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་བཀའ་བློན་མཆོག་གིས་རྒས་གསོ་ཁང་དང་། བོད་ནས་གསར་དུ་ཕེབས་པ་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་གི་ལས་གཞི། དེ་བཞིན་མངའ་སྡེའི་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་ yatri niwas ཞེས་པའི་མགྲོན་ཁང་གསར་རྒྱག་གི་ལས་གཞིར་གཟིགས་སྐོར་གནང་གྲུབ་མཚམས། འབྲས་སྤུངས་བླ་སྤྱིའི་ཆོས་རར་འབྲས་སྤུངས་བློ་གསལ་གླིང་དང་། སྒོ་མང་། ར་སྟོད། ས་སྐྱ་དགོན་པ། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་འདུན་འདུས་མང་རྣམས་ལ་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༡༣ ཉིན་བཀའ་བློན་མཆོག་གིས་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དགའ་ལྡན་ཤར་རྩེ་དང་བྱང་རྩེ། རྙིང་མ་དགོན་པ། ས་སྐྱ་དམ་ཆོས་གླིང་དགོན་པ་བཅས་ཀྱི་དགེ་འདུན་འདུས་ནང་རྣམས་ལ་གསུང་བཤད་གནང་། གོང་ཚེས་ཉིན་གྱི་ཕྱི་དྲོ་བཀའ་བློན་མཆོག་གིས་ས་གནས་འཛིན་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་གཞི་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་སྐོར་བཀའ་བསྡུར་གནང་ཡོད། དེ་རྗེས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་འཐུས་ཚོགས། མཉམ་འབྲེལ་ལས་ཁུངས། ཞི་བ་མཚོ་དཔེ་མཛོད་ཁང་བཅས་གསར་རྒྱག་གི་ལས་གཞིར་གཟིགས་སྐོར་གནང་ཡོད།
ཕྱི་ཚེས་ ༡༤ ཉིན་བཀའ་བློན་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་མང་རྣམས་ལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས། སྲི་ཞུ་བར་འགོ་ཁྲིད་སྐྱེད་སྲིང་གི་གལ་ཆེའི་ཟབ་སྦྱོང་། དགེ་རྒན་རྣམས་ལ་སློབ་ཁྲིད་ཀྱི་ཐབས་ལམ་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་། གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞི། དངུལ་ཁང་ངམ་དངུལ་ཁང་ལྟ་བུ་བཙུགས་རྗེས་བོད་མི་སུད་ཚོང་བར་སྐྱེད་ཆུང་བུན་གཡར་ལས་གཞི་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་བཞིན་བཀའ་བློན་མཆོག་གིས་བཀའ་ཤག་ངོས་ནས་ཤེས་ཡོན་གལ་ཆེ་ཤོས་གྲས་སུ་རྩིས་ཏེ་དེའི་ཐོག་ཤུགས་རྒྱག་བཞིན་ཡོད་པ་དང་། བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་དགོས་གལ། འཕྲོད་བསྟེན་ཡག་པོ་ཡོང་ཐབས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། དང་སློབ་ཏུ་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བཞིན་པར་བརྟེན་དང་སློབ་ཏུ་གཏོང་རྒྱུ་གལ་འགངས་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་བསྐྱར་བཅོས་གནང་བའི་བྱུང་རིམ་དང་འབྲེལ། གསུམ་པའི་བཅུ་གཉིས་ཉིན་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཐད་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད།
ཕྱོགས་མཚུངས་བཀའ་བློན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་དགེ་མཚན་སོགས་ཀྱི་སྐོར་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་འདོན་སྐབས་བཀའ་ཤག་གིས་དུས་ཚོད་དང་དཔལ་འབྱོར་སྲི་འཚག ལྷག་པར་སྔོན་འགྲོ་དང་དངོས་གཞི་འོས་བསྡུ་དབར་གྱི་དུས་ཚོད་རིང་པོ་ཡོད་སྟབས་བོད་པའི་སྤྱི་ཚོགས་ནང་དཀྲུག་རྐྱེན་མི་འོང་ཆེད་འོས་བསྡུ་ཐེངས་གཅིག་གནང་རྒྱུའི་དགོངས་ཚུལ་གནང་ཡོད་སྐོར་སོགས་གསུངས་ཡོད།
མཐར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་གྱི་ལོ་དང་། ཕྱི་ལོ་ ༢༠༡༨ ལོར་ཐུགས་རྗེ་ལེགས་འབུལ་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་སྐོར་གསུང་བཤད་གནང་ཡོད།
གོང་ཚེས་ཉིན་གྱི་ཕྱི་དྲོ་བཀའ་བློན་མཆོག་གིས་དགའ་ལྡན་བྱང་རྩེའི་སྨན་ཁང་དུ་ཡོད་པའི་གཅིན་སྙིའི་ནད་གཞི་ཕོག་པའི་གཞིས་གྲོང་བཞི་པའི་གཞིས་མི་ཐུག་འཕྲད་གནང་ཡོད། ད་ལྟའི་ཆར་ཁོང་མོ་ནད་གཞིའི་རྐྱེན་པས་རྐང་པར་གཉན་ཁ་བརྒྱབ་ཡོད་པ་མ་ཟད། མིག་གི་ནུས་པའང་སྐྱོ་རུ་ཕྱིན་ཡོད། ཁོང་མོས་ཉེ་འཁོར་གྱི་དགོན་སྡེ་ཁག་ལ་ཤིང་འཚོང་སྟེ་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། བུ་ཕྲུག་གཉིས་ཡོད་ཁོངས་ནས་བུ་མོ་འཛིན་རིམ་བཅུ་གཉིས་ནང་སློབ་བཞིན་ཡོད་པ་དང་། བུ་ཆུང་བ་དེ་འཛིན་རིམ་དགུ་པའི་ནང་ཡོད། ཁྱིམ་ཚང་དེའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པར་བརྟེན་བཀའ་བློན་མཆོག་གིས་མོན་གྷོ་ས་གནས་འགོ་འཛིན་ལ་ཁྱིམ་ཚང་དེའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་ངལ་སེལ་རོགས་སྐྱོབ་གནང་དགོས་སྐོར་བཀའ་གནང་འདུག
ཕྱི ཚེས་ ༡༥ ཉིན་བཀའ་བློན་མཆོག་བྷེང་ལོར་དུ་ཕེབས་པ་དང་བསྟུན་ཁུལ་དེར་རྟེན་གཞི་བྱས་པའི་ནི་ལ་མང་གྷ་ལ་བོད་མིའི་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་དུ་ཕེབས་ཏེ་ད་ལྟ་འགྲོ་བཞིན་པའི་ཟབ་སྦྱོང་གི་ལས་རིམ་དང་མཐུན་རྐྱེན་ཇི་ཡོད་རྣམས་ལ་གཟིགས་སྐོར་གནང་ཡོད། དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ལས་རིགས་སྦྱོང་བརྡར་ཞུ་བཞིན་པའི་སློབ་ཕྲུག་རྣམས་ལ་དུས་ཚོད་ཆུ་ཟོས་སུ་མ་བཏང་བར་དམིགས་ཡུལ་ཞིག་འཛིན་པའི་ཐོག་ནས་སྦྱོང་བརྡར་ཐོག་དོ་སྣང་བྱེད་དགོས་པ་དང་། སྦྱོང་བརྡར་གྲུབ་རྗེས་རང་ཉིད་ཀྱི་ལས་ཀ་འགོ་འཛུགས་ཆེད་ནང་སྲིད་ལས་ཁུངས་ནས་བུན་གཡར་གྱི་ལས་གཞི་ཡོད་སྐོར་སོགས་གསུངས་ཡོད། །