༢༠༡༧ ཟླ་ ༤ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟབས་རྒྱལ་མཆོག་སྦེལ་ཀོབ་ཁུལ་གྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༤ཉིན་ཧོན་སུར་རབ་རྒྱས་གླིང་དུ་གནས་སྡོད་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་འགོད་རྒྱུའི་མཛད་སྒོར་དབུ་བཞུགས་གནང་གྲུབ་བསྟུན། ཕྱི་ཚེས་ ༥ ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁང་ནང་ལྷོ་སྤྱི་ལས་ཁུངས་ཀྱི་བསྐོང་ཚོགས་གནང་བའི་ཚོགས་འདུར་དབུ་བཞུགས་གནང་ཡོད། སྐབས་དེར་ཚོགས་འདུའི་ཐོག་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་རྣམ་པ་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ་མཉམ་ཞུགས་གནང་ཡོད། ཚོགས་འདུའི་སྐབས་ལྷོ་སྤྱི་དང་ས་གནས་འགོ་འཛིན་རྣམ་པས་བཀའ་བློན་མཆོག་ལ་སྔ་ལོའི་སྟོན་ཉེས་ངལ་སེལ་དང་གུན་གསབ་བགོ་འགྲེམས་མཇུག་སྐྱོང་གནང་བའི་ལས་བསྡོམས་སྙན་གསེང་ཞུས་ཡོད། སྐབས་དེར་ལྷོ་ཕྱོགས་གཞིས་ཆགས་ཁག་སོ་སོའི་ནང་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་བརྒྱུད་ཐེ་ཝན་གྱི་བྱམས་བརྩེ་སྨན་པའི་ལྷན་ཚོགས་JAM-TSE Medical Associationཀྱིས་དཔལ་འབྱོར་མཐུན་འགྱུར་གནང་བའི་མི་མང་འཐུང་ཆུ་དྭངས་བསིལ་གྱི་འཕྲུལ་ཆས་བཙུགས་ཡོད་པ་དེར་གཟིགས་ཞིབ་གནང་། དེ་རྗེས་འབྱུང་འགྱུར་ས་ཁང་དགོས་མཁོ་ཡོད་པའི་ཁྱིམ་ཚང་རྣམས་ཀྱི་ཆེད་གཞིས་ཆགས་ནང་ཡོད་པའི་ས་ཁང་སྟོང་པ་ལྷག་ཡོད་པ་དེ་དག་གཟིགས་སྐོར་གནང་རྗེས་རྒས་གསོ་ཁང་དུ་གཟིགས་སྐོར་ཕེབས་ཡོད།
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གིས་མི་མང་ལ་གསུང་བཤད་གནང་སྐབས་བཀའ་ཤག་སྐབས་ ༡༥ ལྔ་དང་ལྔ་བཅུའི་ཐབས་བྱུས་དང་། བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་དགོས་གལ། འཕྲོད་བསྟེན་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་སྐོར། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། བཀའ་ཤག་གིས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་སྐོར། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༧ ལོ་འཁོར་མོར་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་རྒྱུ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད།
དེ་ཉིན་གྱི་ཕྱེད་ཡོལ་བཀའ་བློན་མཆོག་ལྒ་སྨུག་གི་ཞིང་ཁར་གཟིགས་སྐོར་ཕེབས་ཏེ་ཞིང་པ་རྣམས་དང་ལྷན་ཐུག་འཕྲད་ཀྱིས་ཞིང་ཆུ་འདྲེན་ལས་དང་། སྟོན་ཐོག་བུན་གཡར། སྔ་ལོའི་སྟོན་ཉེས་ཀྱི་གུན་གསབ་སོགས་ཀྱི་སྐོར་ལམ་སྟོན་གནང་བ་དང་ཆབས་ཅིག ནང་སྲིད་ལས་ཁུངས་ངོས་ནས་གང་ཐུབ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག ཕྱི ཚེས་ ༧ ཉིན་གྱི་སྔ་དྲོ་ཧོན་སུར་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཨོ་རྒྱན་ཆོས་གླིང་དགོན་པ་དང་། རྫོང་དཀར་ཆོས་སྡེ། རྒྱུད་སྨད་གྲྭ་ཚང་བཅས་སུ་གནས་མཇལ་དུ་ཕེབས་ཡོད། དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་བཀའ་བློན་མཆོག་གིས་མེ་སོར་དུ་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་སློབ་སྦྱོང་ཐོག་ཧུར་བརྩོན་བྱེད་དགོས་པ་སྤྱི་དང་ལྷག་པར་རིགས་གཅིག་རྐང་འཛིན་བྱེད་རྒྱུའི་ཐོག་ཤུགས་བརྒྱབ་དགོས་པ། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་རང་ཉིད་ཀྱི་འཕྲོད་བསྟེན་ཐོག་དོ་སྣང་བྱེད་དགོས་པའི་ལམ་སྟོན་ཡང་གནང་འདུག ཐེངས་འདིར་བཀའ་བློན་མཆོག་ཕྱོགས་ཕེབས་སྐབས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ལྷན་བཅར་ཞུས་ཡོད།།