ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་སྦེལ་ཀོབ་ཏུ་གཞུང་ཞབས་བགྲེས་ཤག་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་གནང་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོར་ནང་སྲིད་བཀའ་བློན་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་དང་། སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ། སྦེལ་ཀོབ་གཞིས་ཆགས་གཉིས་ཀྱི་མཉམ་འབྲེལ་གྱི་ཚོགས་གཙོ་གཞོན་པ་དང་སྤྱི་ཁྱབ་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། སློབ་སྤྱི། བརྒྱ་དཔོན་སོགས་ཁྱོན་མི་གྲངས་བརྒྱད་ཅུ་ཙམ་མཉམ་ཞུགས་ཀྱིས་ཐོག་མར་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་བཞིས་ཤིས་བརྗོད་གསུང་འདོན་གནང་རྗེས་ནང་སྲིད་བཀའ་བློན་མཆོག་གིས་དར་མཚོན་གཅོད་འབྲེག་དང་འབྲེལ་དབུ་འབྱེད་གནང་ཡོད།
དེ་རྗེས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་བསྟུན་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། སྐབས་དེར་བདེ་སྐྱིད་སླར་གསོའི་་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་འཚམས་འདྲི་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་ནང་སྲིད་བཀའ་བློན་མཆོག་གིས་གཞུང་ཞབས་བགྲེས་ཤག་གི་དགོས་གལ་དང་རྒྱབ་ལྗོངས། དེ་བཞིན་བགྲེས་ཤག་གི་ཁྱད་ཆོས་སྐོར་ངོ་སྤྲོད་གནང་གྲུབ་བསྟུན། བགྲེས་ཤག་ཨར་ལས་ཀྱི་ལས་དོན་བོགས་མ་ལེན་མཁན་སྐུ་ཞབས་སི་དེ་ཤི་སུ་ཇ་ལ་ Sidesh, Sujala མཆོག་ལ་དྲན་རྟེན་ཕྱག་རྟགས་གནང་།
དེ་རྗེས་རྒྱན་ཤོག་གི་ལམ་ནས་བགྲེས་ཤག་བགོ་འགྲེམས་གནང་སྐབས་ནང་སྲིད་བཀའ་བློན་མཆོག་གིས་བགྲེས་ཤག་གི་ལྡི་མིག་གནང་། དེ་རྗེས་ལུགས་བསམ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གིས་སྦེལ་ཀོབ་ཏུ་གཞུང་ཞབས་བགྲེས་ཤག་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་གནང་བ།
གསར་གནས།

འབྲེལ་གནས།
