ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་པོ་ཏ་ལ་ཚོགས་ཁང་ཞེས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། རྣམ་པ་ཚོ་ཚང་མར་བཀའ་ཤག་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། གཞན་ཡང་ད་རེས་ཚོགས་ཁང་གསར་པ་ཧ་ཅང་ཡག་པོ་བཞེངས་འདུག་པར་བརྟེན་ཕྱག་ལས་གནང་མཁན་དང་འགན་འཁུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ང་ད་རེས་འདིར་ཡོང་དགོས་དོན་གཙོ་བོ་ནི། ཁ་སྔོན་ཕྱི་ཟླ་ ༣ ཚེས་ ༩།༡༠།༡༡ བཅས་ལ་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལར་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་དུ་དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པའི་ཁྲི་འདོན་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཚོགས་ཡོད། གསུམ་བཅུའི་དུས་དྲན་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དམིགས་བསལ་སྐུ་མགྲོན་དང་སྐུ་མགྲོན་གཙོ་བོ་བཅས་གདན་འདྲེན་ཞུས་ཡོད། སྐབས་དེར་ཨི་ཊ་ལི་དང་། ལྷོ་ཊེ་རོལ་གྱི་སྲིད་འཛིན་གྱིས་གཙོས་པའི་ཕྱག་རོགས་རྣམ་པ། ཕ་རན་སི་དང་ཨོ་སི་ཀྲོ་ལི་ཡ་གྲོས་ཚོགས་འཐུས་མི་སོགས་སྐུ་མགྲོན་མང་པོ་ཡོད། སྐུ་མགྲོན་དེ་དག་བཀའ་ཤག་གི་སྐུ་མགྲོན་ཡིན་སྟབས། ང་རང་རྡ་སར་བསྡད་དགོས་བྱུང་། སྐབས་དེར་བཀའ་བློན་བཞི་ཙམ་ཁྲི་འདོན་མཛད་སྒོར་བཅར་བ་རེད།
ད་རེས་གཙོ་བོ་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཆེད་བཅར་བ་ཡིན། དེའི་ཞོར་དུ་དེ་རིང་འདིར་ཚོགས་ཁང་གསར་པ་དབུ་འབྱེད་སླད་ཡོང་རོགས་ཞེས་བརྗོད་ཀྱི་འདུག དེར་བརྟེན་དེ་རིང་འདིར་བཅར་བ་ཡིན། ད་རེས་སྡེ་ར་ལྡུན་ཁུལ་གྱི་གཞིས་ཆགས་ཁག་ཆང་མར་སྐོར་བ་བརྒྱབ་ཐུབ་མིན་ལ་སོང་དེ་རིང་འདིར་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད། ཕྱི་ཟླ་ ༤ ནས་བཀའ་བློན་རྣམ་པ་ཚང་མ་འཚམས་གཟིགས་སུ་ཕེབས་ཀྱི་རེད། ཆོས་རིག་བཀའ་བློན་མཆོག་ཡིན་ན་ཕལ་ཆེར་འཚམས་གཟིགས་ཚར་ལ་ཉེ་བ་ཡོད། ནང་སྲིད་བཀའ་བློན་མཆོག་ནི་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཕེབས་ཡོད། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་སྒང་ཏོག་དང་། ཀ་སྦུག ར་ཝང་ལ་ཀུན་ཕན་གླིང་། རྡོར་གླིང་། སུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་རྒྱུ་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མིའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། བསྟན་སྒང་། འབུམ་ལ། ཀྲུ་ཀྲིང་། ཨ་རུ་ནཱ་ཅལ་བཅས་ཀྱི་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཕེབས་རྒྱུ། བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཧི་མཱ་ཅལ་མངའ་ཁོངས་སུ་ཡོད་པའི་ཀམ་རའོ་དང་། ས་ཊོན། སྤོན་ཊ་ཆོལ་གསུམ། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས། དེ་བཞིན་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཡོད་པའི་ཧ་སྤུར་དང་། མ་སུ་རི། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཕེབས་རྒྱུ། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་སླེ་ལ་དྭགས་དང་། བྱང་ཐང་ཁུལ། ཤྲི་ནཱ་གར། མ་ན་ལི་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་ཕེབས་གཏན་འཁེལ་ཡོད། ཕྱི་ཟླ་བཞི་པའི་ནང་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ནང་སྲིད་བཀའ་བློན་མཆོག་ཕེབས་ཀྱི་ཡོད་སྟབས་ང་གཞིས་ཆགས་ཁག་ཚང་མར་སྐོར་མི་དགོས་པ་འདིར་བཅར་ཡོད།
ད་རེས་གཙོ་བོ་བོད་ཀྱི་མ་འོངས་སོན་རྩ་གལ་ཆེན་པོ་ཡིན་སྟབས། སློབ་ཕྲུག་དེ་དག་ཐུག་ན་བསམས་ཏེ་སེ་ལ་ཀུའི་དང་ཧ་པུར། སྤོན་ཊ་བཅས་ཀྱི་སློབ་ཕྲུག་ཁག་ཐུག་འཕྲད་བྱ་རྒྱུ་ཡིན། འདིར་སླེབ་པའི་ཞོར་ལ་རྒས་གསོ་ཁང་དང་ཞི་བདེ་ཁང་དུ་ཕྱིན་པ་ཡིན། རྒས་འཁོགས་དང་ནད་པ་དེ་དག་ཐུག་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག དེའི་རྗེས་མངོན་དགའ་བློབ་གྲྭར་འགྲོ་རྒྱུ་ཡིན། དེ་རིང་འདིར་ངས་དོན་ཚན་འགའ་ཤས་ཤིག་ཞུ་ན་བསམས་བྱུང་། དོན་ཚན་གཅིག་ནི། ལྔ་དང་ལྔ་བཅུ་ཡིན། གཉིས་པ་ནི། དབུ་མའི་ལམ་གྱི་སྲིད་བྱུས་སྐོར། གསུམ་པ། ཤེས་ཡོན་གལ་ཆེན་པོ་ཡིན་པ། བཞི་པ། བོད་མི་མང་སྤྱི་འཐུས་སྐབས་ ༡༦ གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར། ལྔ་པ། བཀའ་ཤག་དང་དཔལ་འབྱོར་ལས་ཁུངས་ནས་བོད་མིའི་སུད་ཚོང་བ་དང་འབྲེལ་བའི་ལས་གཞི་གང་སྤེལ་གྱི་ཡོད་པ་དེ་དག་ཐོག་ཞུ་རྒྱུ་ཡིན།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་བོད་མིའི་སྒྲིག་འཛུགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་འདི་ང་ཚོ་ཚང་མས་བསོད་ནམས་རེད། དུས་རྟག་ཏུ་ཚང་མས་སྨོན་ལམ་བསྐྱོན་རྒྱུ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བླ་མ་དང་སློབ་མའི་དམ་ཚིག་ཇི་ཙམ་བཟང་བ་ཡོད་པ་ཡིན་ན། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བཞུགས་རྒྱུར་ཕན་གྱི་རེད། དེར་བརྟེན་ཚང་མས་དུས་རྟག་ཏུ་སྨོན་ལམ་སྐྱོན་པ་དང་དམ་ཚིག་གཙང་མ་ཡོད་པ། དེ་བཞིན་བོད་མིའི་སྤྱི་མཐུན་བསོད་ནམས་གོང་འཕེལ་སླད་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། དམ་ཚིག་གཙང་མ་ཡོང་བར་༧གོང་ས་མཆོག་གིས་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་དེ་རེད། བཀའ་སྲུང་ཅི་སྒྲུབ་ཞུ་པ་ཡིན་ན། རང་བཞིན་གྱི་ང་ཚོའི་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་ཡོང་བ་དང་། ནུས་པ་ཆ་ཚང་གཅིག་ཏུ་སྤུང་བའི་ཐོག་ནས་རྩ་དོན་བསྒྲུབ་རྒྱུར་ཡང་ཧ་ལས་པའི་ནུས་པ་ཆེན་པོ་ཐོན་གྱི་རེད། འདི་ཚང་མའི་དགོངས་པར་འཇགས་རོགས་ཞུ་རྒྱུ་ཡིན།
བཀའ་ཤག་ནས་ལྔ་དང་ལྔ་བཅུ་ཟེར་ན་ལོ་ལྔ་དང་ལྔ་བཅུ་ཟེར་གྱི་ཡོད། བོད་མི་ཚོར་དམིགས་ཡུལ་གཉིས་ཡོད་པའི་ནང་ནས་གཅིག་ནི། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་རེད། གཉིས་པ་ནི། ང་ཚོའི་ཆེ་མཐོང་རྩོད་རྒྱུ་རེད། བོད་མིའི་མི་རིགས་དང་ངོ་བོ་སྲུང་སྐྱོབ་བྱས་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་མི་ཉམས་གོང་སྤེལ་བྱས་དགོས། བོད་མི་ཡོད་པ་ཡིན་ན། བོད་དང་བོད་ཀྱི་རྩ་དོན་ཡོད། རྒྱ་ནག་གི་དམིགས་ཡུལ་ནི་བོད་དེ་རྒྱ་སྡེ་བཟོ་རྒྱུ་རེད། བོད་རིགས་དེ་རྒྱ་རིགས་བཟོ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། དཔེར་ན་རིག་གནས་གསར་བརྗེ་སྔོན་ལ་བོད་ཀྱི་དགོན་སྡེ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་བ་མ་ཟད། བོད་ཀྱི་གྲྭ་བཙུན་བརྒྱ་ཆ་ ༩༩ དགོན་སྡེ་ཁག་ནས་ཕྱིར་འབུད་དང་བཙོན་འཇུག་བྱས་ཡོད། འོན་ཀྱང་ད་ལྟ་ཡིན་ནའང་བོད་ནང་བོད་མིའི་ངོ་བོ་ཧ་ལས་པའི་ཤུགས་ཆེན་པོ་གནས་ཡོད། དགོན་སྡེ་ཁག་ཡིན་ནའང་དར་འཕེལ་འགྲོ་བཞིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་དར་འཕེལ་འགྲོ་བཞིན་ཡོད། རྒྱ་ནག་གི་བཙན་བཟུང་འོག་ཡོད་ནའང་གཞིས་བཞུགས་བོད་མི་རྣམས་ནས་དཀའ་ལས་ཧ་ཅང་སྐྱོན་གྱི་ཡོད་པ་གསལ་པོ་རེད། ཉེ་ཆར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བྱུང་བ་རེད། ད་བར་རང་ལུས་མེར་སྲེག་གཏོང་མཁན་ ༡༤༦ བྱུང་བ་རེད། བོད་ནང་བོད་མི་ཚོས་སོ་སོའི་རྩ་ཆེ་བའི་ལུས་སྲོག་ཡན་ཆད་བློས་བཏང་སྟེ་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མིར་རང་དབང་དགོས། ཞེས་བརྩད་དང་རྩོད་བཞིན་པ་རེད། དེར་བརྟེན་ཕྱི་ལོགས་སུ་ཡོད་པའི་བོད་མི་ཚོ་ཡིན་ནའང་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། བོད་ནང་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་འབད་བརྩོན་བྱེད་དགོས། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་སྐོར་གསུང་དོན། ཉེ་ཆར་ང་ཚོའི་གྲོས་ཚོགས་ནང་བགྲོ་གླེང་བྱུང་བ་རེད། ད་བར་བཀའ་ཤག་ནས་གང་ཞུས་ཀྱི་ཡོད་རེད་ཅེ་ན། འོས་བསྡུ་ཐེངས་གཅིག་བྱས་དགོས་འདུག་ཟེར་རྒྱུ་དེ་རེད། འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་བཅས་ཀྱིས་འོས་བསྡུ་ཐེངས་གཅིག་བྱས་དགོས་འདུག་མ་གཏོགས་འོས་བསྡུ་ཐེངས་གཉིས་བྱས་ན་འགྲིག་གི་མི་འདུག ཅེས་གསུངས་པ་དང་། བཀའ་ཤག་ནས་དེ་ག་རང་མོས་མཐུན་བྱས་ཏེ་འོས་བསྡུ་ཐེངས་གཅིག་བྱས་དགོས་འདུག་ཐེངས་གཉིས་བྱས་ནས་འགྲིག་གི་མི་འདུག ཅེས་གསུངས་པ་རེད། གང་ཡིན་ཟེར་ན། ཉེ་ཆར་འོས་བསྡུའི་སྐབས་སྐབས་རྙོག་གྲ་གང་བྱུང་བ་དང་། ཡི་གེ་དང་ཁ་པར་གང་བཏང་བ་དེ་དག་ཚང་མ་འོས་བསྡུ་ལྷན་ཁང་དང་། འོས་བསྡུའི་འགན་འཛིན། འགན་འཛིན་ལས་རོགས་བཅས་ལ་ཉམས་མྱོང་ཆེ་ཤོས་བྱུང་ཡོད། ཁོ་རང་ཚོའི་སྤྱི་མོས་ཐོག་གཏན་ལ་ཕབ་པའི་ཐག་གཅོད་དེ་འོས་བསྡུ་ཐེངས་གཅིག་བྱས་ན་མ་གཏོགས་ཐེངས་གཉིས་བྱས་ན་འགྲིག་གི་མི་འདུག ཟེར་རྒྱུ་དེ་རེད། འདི་ལ་བཀའ་ཤག་ནས་མོས་མཐུན་བྱས་པ་རེད།
བཀའ་ཤག་ནས་མོས་མཐུན་བྱས་དགོས་པའི་རྒྱུ་མཚན་གཅིག་ནི། འདིའི་ནང་ཆ་ཤས་བླང་མཁན་སྲིད་སྐྱོང་ཆགས་ཡོད། ཕྱི་ལོ་ ༢༠༡༡ ལོའི་སྤྱི་ཚོགས་གནས་སྟངས་དང་ཕྱི་ལོ་ ༢༠༡༦ ལོའི་སྤྱི་ཚོགས་གནས་སྟངས་ལ་འགྱུར་བ་ཇི་ཙམ་ཕྱིན་ཡོད། སྤྱི་ཚོགས་ནང་གནས་སྟངས་གང་བྱུང་ཡོད། འོས་བསྡུའི་འགྱུར་བ་ལ་བརྟེན་ནས་སྤྱི་ཚོགས་ནང་དཀའ་ངལ་གང་འཕྲད་ཀྱི་འདུག་དང་མི་འདུག དེའི་མྱོང་ཚོར་ཆེ་ཤོས་དེ་སྲིད་སྐྱོང་ཆགས་ཡོད། སྤྱི་ཚོགས་ནང་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་གི་འདུག དེར་བརྟེན་འོས་བསྡུ་ཐེངས་གཅིག་མ་གཏོགས་གཉིས་བྱེད་རྒྱུ་མི་འདུག་ཅེས་རྗོད་བཞིན་ཡོད། རྒྱུ་མཚན་གང་རེད་ཅེ་ན། དུས་ཚོད་ག་ཚོད་རིང་བ་ཡིན་ན་རྙོག་གྲ་དེ་མང་བ་འདུག མདོར་ན་དུས་ཚོད་རིང་ན་སྐྱོན་འདུག དུས་ཚོད་ཐུང་དུ་གཏོང་དགོས་འདུག ད་ལྟའི་ཆར་ང་ཚོའི་གྲོས་ཚོགས་ནང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཡོད། ཁྲིམས་འཆར་དེའི་ནང་འོས་བསྡུ་ཐེངས་གཉིས་དང་དུས་ཚོད་ཐུང་དུ་གཏོང་རྒྱུའི་འབད་བརྩོན་གནང་ཡོད། འོན་ཀྱང་སྔོན་འགྲོ་ནས་དངོས་གཞིས་བར་དུས་ཚོད་ཆ་ཚང་རྩི་སྐབས་ཟླ་བ་བཞི་དང་ཕྱེད་ཀ་དང་། སྔོན་འགྲོ་འགོ་འཛུགས་རྒྱུ་བརྩིས་པ་ཡིན་ན་ཕལ་ཆེར་ཟླ་བ་ལྔ་དང་ཕྱེ་ཀའམ་དྲུག་འགོར་རྒྱུ་རེད་འདུག སྔོན་འགྲོ་དང་དངོས་གཞི་མེད་པར་ཐེངས་གཅིག་འོས་ཐེངས་གཅིག་བླུག་པ་ཡིན་ན་ཟླ་བ་གཉིས་ནང་ཚར་འགྲོ་གི་རེད།
དུས་ཚོད་ཇི་ཙམ་མང་བ་ཡོད་པ་ཡིན་ན། དཀྲོག་གཏམ་སྤེལ་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད། དེའི་དཀྱིལ་དུ་གོ་སྐབས་སུས་འཛིན་གྱི་ཡོད་རེད། ཅེ་ན། རྒྱ་མིའི་རྒྱུག་ཁྱི་དང་སོ་པ། དོལ་རྒྱལ་རྗེས་འབྲང་བ། སྤྱི་ཚོགས་ནང་ནམ་རྒྱུན་འགན་མི་འཁྱེར་མཁན། དུས་ཚོད་ཡོད་མཁན་ཚོས་གོ་སྐབས་བཟུང་སྟེ་སྤྱི་ཚོགས་དཀྲུག་གི་འདུག གོ་སྐབས་ཇི་ཙམ་མང་བ་གནང་བ་ཡིན་ན། དཀྲོག་གཏམ་མང་བ་སྤེལ་གྱི་རེད། རྒྱ་མིའི་ང་ཚོའི་འོས་བསྡུ་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་སྐབས་སྔོན་འགྲོ་དང་དངོས་གཞི་བཅས་ལས་རིམ་གཉིས་ལས་དངོས་གཞིའི་ལས་རིམ་གཅིག་པུ་གནང་བ་ཡིན་ན་དགེ་མཚན་ཆེ་བ་ཡོད་སྐོར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐོག་བཀའ་ཤག་གི་དགོངས་གཞི་ཁག་ངོ་སྤྲོད་དང་། གཞན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ལ་ཤུགས་གནོན་བརྒྱག་དགོས་རྒྱུ། ལས་གཞི་འདྲ་མིན་བརྒྱུད་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་རྒྱུ་སོགས་བཀའ་ཤག་ནས་བོད་ཀྱི་རྩ་དོན་དང་བོད་མིའི་བདེ་དོན་ཆེད་དུ་ལས་གཞི་ཇི་སྤེལ་ཐོག་ངོ་སྤྲོད་གནང་གྲུབ་མཚམས་སྡེ་ར་ལྡུན་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཀག་གི་སྐུ་ཚབ་དང་ལྷན་བཞུགས་མོལ་ཚོགས་འདུ་དང་། གཞིས་ཆགས་ཉེ་འཁོར་དུ་གཟིགས་སྐོར་ཕེབས་ཡོད། དེ་རྗེས་སྔོན་དགའ་སློབ་གྲྭར་དགེ་ལས་སློབ་ཕྲག་ཚོ་དང་ཐུགས་འཕྲད་གནང་རྗེས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭར་ཕེབས་ཏེ་སེ་ལ་ཀུའི་བོད་ཁྱིམ་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་ཤེས་ཡོན་གྱི་གལ་གནད་དང་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཕྱོགས་ཐོག་གསུང་བཤད་གནང་འདུག །