༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྤོན་ཊ་དང་། སྤུ་རུ་ཝ་ལ། དེ་བཞིན་ཨུ་ཏྟར་ཁཎྜ་མངའ་ཁོངས་བྷ་ལུ་ཝ་ལ། ཁེ་ར་ཀེམ་བོད་མིའི་ཁ་ཐོར་གཞིས་ཆགས་བཅས་སུ་འཚམས་གཟིགས་ཕེབས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་གཞིས་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རྗེས་དྲན་དང་ཆེ་བསྟོད་མཚོན་སླད་དཔའ་བོའི་རྡོ་རིང་ཤིག་གསར་འཛུགས་ལེགས་གྲུབ་བྱུང་བ་དེ་དབུ་འབྱེད་གནང་། དེ་རྗེས་སྤོན་ཊ་ཉེ་འཁོར་དུ་ཡོད་པའི་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་རྣམ་པ་དང་ལྷན་ཚོགས་འདུ་ཚོགས་གྲུབ་མཚམས། སྤོན་ཊ་གཏན་སློབ་ཏུ་ཕེབས་ཏེ་དགེ་ལས་སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམ་རྒྱུན་འཛིན་བྱས་པ་བརྒྱུད་བོད་མིའི་ངོ་བོ་སྲུང་སྐྱོབ་ཆེད་འབད་བརྩོན་ཇི་ལྟར་གནང་བཞིན་ཡོད་སྐོར་དང་།
བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་དེ་བོད་ཆུང་ཆུང་ཞིག་ཏུ་བསྒྱུར་ཐབས་ཆེད་ལས་ཁུངས་ཁག་བོད་པའི་སྲོལ་རྒྱུན་གཞིར་བཞག་ཐོག་བཟོ་བཀོད་གནང་ཡོད་པ་དེས་གངས་སྐྱིད་ཁུལ་དུ་ཕྱི་མི་གཟིགས་སྐོར་སོགས་སུ་ཕེབས་སྐབས་བོད་ཀྱི་ཚོར་བ་ཤུགས་ཆེ་སྟེར་བ་བརྒྱུད་རྒྱལ་སྤྱིའི་ཐོག་བོད་དོན་གོ་རྟོགས་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་སྐོར། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་ཕྱི་མིའི་རྒྱབ་སྐྱོར་ལ་རྟེན་རྒྱུའི་བསམ་བློ་དོར་བའི་ཐོག་ནས་རང་ཁ་རང་གསོ་ཐུབ་ཐབས་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་འདུག
དེ་རྗེས་སྲིད་སྐྱོང་མཆོག་ཧ་སྤུར་ཉེ་འགྲམ་དུ་ཡོད་པའི་ཟླ་བ་རིན་བརྒྱུད་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད། སློབ་གྲྭ་འདི་བཞིན་ཕྱི་ལོ་ ༡༩༩༡ ལོར་བསོད་ནམས་དབང་འདུས་ལགས་དང་ཟླ་བ་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་ཐོབ་ཐང་འཁོས་ཞན་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཚད་ལྡན་ཞིག་སྤྲོད་རྒྱུར་དམིགས་ཏེ་གསར་འཛུགས་གནང་བ་ཞིག་རེད་འདུག
དེ་ནས་སྲིད་སྐྱོང་མཆོག་གོང་དཀར་ཆོས་སྡེ་དགོན་པ་དང་། ཁེ་ར་ཀེམ། བྷ་ལུ་ཝ་ལ་བོད་མིའི་གཞིས་སྒར་བཅས་སུ་འཚམས་གཟིགས་ཕེབས་ཡོད། དེ་ཉིན་སྲིད་སྐྱོང་མཆོག་གི་ལས་རིམ་མཐའ་མ་སྤུ་རུ་ཝ་ལ་ས་སྐྱའི་གཞིས་ཆགས་སུ་ཕེབས་ཏེ་མང་ཚོགས་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། རང་ཁ་རང་གསོ་དགོས་གལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་དང་ལས་གཞི་སྐོར་ངོ་སྤྲོད་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་ཐབས་སུ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་གསུང་དོན། ང་ཚོས་བོད་མིའི་འཐབ་རྩོད་དེ་བཞིན་ད་དུང་ལྔ་བཅུ་ཡུན་གནས་ཆེད་ང་ཚོས་ཤུགས་བརྒྱབ་ན་ང་ཚོར་ལོ་ལྔའི་ནང་དབུ་མའི་ལམ་གཞིར་བཞག་ཐོག་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐབས་ལའང་ཕན་ཐོགས་ཡོད། ཅེས་གསུངས།
དེ་རྗེས་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་མཐུན་འགྱུར་འོག་རྐང་རྩེད་པོ་ལོའི་ཐང་ཆེན་གསར་པ་དབུ་འབྱེད་གནང་ཡོད། དེ་རིང་སྲིད་སྐྱོང་མཆོག་ཧ་སྤུར་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་གྲུབ་བསྟུན་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་འདུག །

སྲིད་སྐྱོང་མཆོག་གིས་ཟླ་བ་རིན་བརྒྱུད་སློབ་གྲྭ་གསར་འཛུགས་གནང་མཁན་ཁྱིམ་ཚང་ལ་བོད་མིའི་སྒྲིག་འཛུགས་ཀྱི་དྲན་རྟེན་ཕྱག་རྟགས་གནང་བཞིན་པ།