ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨུ་ཏྟར་ཁཎྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ཏྲི་ཝེན་དར་སིངྒ་ར་ཝ་ཏ་ Shri Trivendra Singh Rawat མཆོག་དང་ལྷན་མཇལ་འཕྲད་གནང་འདུག ཨུ་ཏྟར་ཁཎྜ་མངའ་སྡེ་ནི་རྒྱ་གར་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་གསུམ་པ་ཆགས་ཡོད་པ་མ་ཟད། བོད་པའི་སློབ་གྲྭ་དང་དགོན་སྡེ་མང་དག་གཅིག་ཀྱང་ཡོད།
དེ་ཡང་མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཉེ་ཆར་མངའ་སྡེའི་འོས་བསྡུའི་ཁྲོད་ཁོང་གི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གི་སྣེ་ཁྲིད་པའི་གཞུང་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཡང་ཞུས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་མངའ་སྡེའི་ནང་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྤྱི་དང་། ལྷག་པར་ས་ཆའི་གན་རྒྱ་དང་མངའ་སྡེ་གཞུང་གི་ལས་འཆར་དང་འབྲེལ་བའི་དཀའ་ངལ་སོགས་སྙན་སེང་ཞུས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ལག་བསྟར་ཡོང་ཆེད་རོགས་ཕན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་མ་ཟད། མངའ་སྡེའི་ནང་ཡོད་པའི་བོད་མི་རྣམས་ཀྱི་བདེ་དོན་ཆེད་གཟིགས་རྟོག་གནང་མཁན་གཞུང་འབྲེལ་མི་སྣ་བསྐོ་གཞག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨུ་ཏྟར་ཁཎྜ་མངའ་སྡེའི་གཞུང་མང་ནས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག དེ་བཞིན་སྲིད་སྐོང་མཆོག་གིས་འཕགས་བོད་གཉིས་དབར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་མི་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་ནང་ཆོས་ཀྱི་ངོ་བོའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་སྐོར་གསུངས་འདུག
དེ་ནས་སྤྱི་ཁྱབ་བློན་ཆེན་མཆོག་གིས་བོད་ཀྱི་གནད་དོན་ཐོག་སྔར་ལྟར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་མ་ཟད། མངའ་སྡེའི་ནང་བོད་མི་རྣམས་ཀྱི་དཀའ་ངལ་རྟོག་ཞིབ་གནང་རྒྱུའི་ཁས་ལེན་གནང་འདུག གཞན་ཡང་སྤྱི་ཁྱབ་བློན་ཆེན་མཆོག་དེ་སྔ་ཕྱི་ལོ་ ༡༩༨༧ ལོར་རྡ་སར་ཕེབས་མྱོང་བའི་སྐོར་དང་། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ཕན་ཡོན་ལ་བསྔགས་བརྗོད་ཀྱང་གནང་འདུག
དེ་བཞིན་ཁོང་གིས་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་དང་ལྷན་བོད་མི་རྣམས་ཀྱིས་ས་གནས་ཡུལ་མི་རྣམས་དང་འབྲེལ་ལམ་བྱེད་བདེ་ཡོང་སླད་རྒྱ་གར་གྱི་སྐད་ལའང་དོ་སྣང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་འདུག
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཨུ་ཏྟར་ཁཎྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སྐབས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས། ཧ་སྤུར་འདོད་རྒུ་གླིང་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས་བཅས་ལྷན་བཅར་ཞུས་འདུག །