༢༠༡༧ ཟླ་ ༤ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་རྒྱབ་བོད་ནས་གནས་ཚུལ་ཐོན་པ་ལྟར་ན། བོད་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་འདུག་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་བཙན་འཁྱེར་བྱས་རྗེས། ཁོང་འདས་གསོན་ཇི་ཡིན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་གི་ཐོག་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་པའི་བརྙན་པར་ཐུང་ངུ་ཞིག་བཞག་པའི་ནང་བོད་མི་དེས་རང་ལུས་སྲེག་གནང་རྗེས་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་གསད་ཐབས་བྱེད་བཞིན་པ་མཐོང་རྒྱུ་འདུག ད་ལྟའི་ཆར་ཁོང་སུ་ཡིན་མིན་དང་ས་གནས་གང་དུ་ཁྲིད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པའི་གནས་སུ་གྱུར་འདུག བརྙན་པར་གཟིགས་ཆེད་འདིར་གནོན།
གཞི་རྩའི་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་གཞིས་ལུས་བོད་མི་ཁྱོན་གྲངས་ ༡༤༧ ནས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་ལུས་མེར་སྲེག་དང་འབྲེལ་གསུང་དོན། ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རང་ལོ་ ༢༤ ལ་སོན་པའི་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་དཀར་མཛེས་རྫོག་ཏུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེ་བཞིན་ལོ་གསུམ་གོང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རང་ལོ་ ༣༢ ཡིན་པ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་དཀར་མཛེས་ཁུལ་དུ་རང་ལུས་མེར་སྲེག་བཏང་ཡོད། འདི་ལྟ་བུ་བོད་མི་རྣམས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་བ་དེས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ར་སྤྲོད་ཐུབ་ཀྱི་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ནང་རང་དབང་དང་༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་དགོས་པའི་བོད་མིའི་མངོན་འདོད་ཐོག་དོ་སྣང་སྤྲད་དགོས་པའི་དུས་ལ་བབས་ཡོད། རྒྱ་ནག་གཞུང་ནས་གང་མགྱོགས་བོད་མིའི་དཀའ་སྡུག་སེལ་ཐབས་བྱེད་དགོས། ཞེས་གསུངས།