༢༠༡༧ ཟླ་ ༤ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ཀརྨ་དགེ་ལེགས་ལགས། བསྟན་འཛིན་འཇམ་དབྱངས་ལགས་བཅས་ཀྱིས་ཕྱི་ཚེས་ ༢༦ ཉིན་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་ ༢༣ དང་མཇལ་འཕྲད་གནང་ནས་ཡུལ་དེའི་གྲོས་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཞག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ་མ་ཟད། བོད་མིའི་ཤེས་ཡོན་ཐོག་མཐུན་འགྱུར་རོགས་རམ་ཆེད་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་བོད་མིའི་སྐུ་ཚབ་རྣམ་པས་ཡུལ་དེའི་རྒྱལ་ཡོངས་སློབ་སྟོན་ཚན་པའི་འགན་འཛིན་མཆོག་དང་མཇལ་འཕྲད་ཀྱིས་གོང་གི་གནད་དོན་གཙོ་བོ་གཉིས་དང་གཞན་ཡང་བོད་དོན་གནས་ཚུལ་ཁག་གཅིག་བཅས་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་གསུང་བཤད་གནང་སྐབས།
དེ་ཡང་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཉི་ཧོང་གྲོས་ཚོགས་ཀྱི་གུ་ཡངས་མང་གཙོ་ཚོགས་པའི་ Liberal Democratic Party of Japan སྤྱི་ཁྱབ་དྲུང་ཆེ་ལས་ཚབ་དང་ཡུལ་དེའི་ཤེས་རིག་བཀའ་བློན་ཟུར་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་ Mr Shimomura Hakubun མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྤྱི་འཐུས་རྣམ་པ་དང་སྐུ་ཚབ་དོན་གཅོད་བཅས་ཉི་ཧོང་གྲོས་ཚོགས་སུ་ཕེབས་པར་དགའ་བསུ་དང་སྦྲགས། ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
མཇལ་འཕྲད་སྐབས་ཉི་ཧོང་རྒྱལ་ཡོངས་སློབ་སྟོན་ཚན་པའི་ Japan Institute of National Fundamentals འགན་འཛིན་ས་ཀུ་ར་ཡོ་ཤི་ཀོ་Ms Sakura Yoshiko མཆོག་ཀྱང་ལྷན་ཞུགས་གནང་འདུག
སྐབས་དེར་ཉི་ཧོང་གྲོས་ཚོགས་ཀྱི་གུ་ཡངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ལས་ཚབ་དང་ཤེས་རིག་བཀའ་བློན་ཟུར་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷུན་མཆོག་གིས་དེ་སྔ་རྡ་རམ་ས་ལར་ཕེབས་ཏེ་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་མྱོང་ཚོར་སྐོར་དང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཐུན་མིན་ངོ་བོ་སྲུང་སྐྱོབ་ཆེད་སྔར་ལས་རྒྱབ་སྐྱོར་ཤུགས་ཆེ་བ་གནང་འདོད་ཡོད་སྐོར་གསུང་པ་མ་ཟད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་དུ་འདི་ལོའི་ཕྱི་ཟླ་ ༢ ནང་ཕེབས་སྐབས་ཁོང་དང་མཇལ་འཕྲད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཚགས་ཚུད་ཇི་ལྟར་སྤེལ་དགོས་མིན་ཐད་གོ་བསྡུར་གནང་མྱོང་ཡོད་སྐོར་དང་། བོད་མིའི་ཐུན་མིན་རིག་གཞུང་དེ་དག་གིས་འཛམ་གླིང་ནང་ཞི་བདེ་གོང་སྤེལ་གཏོང་རྒྱུར་ཞབས་འདེགས་བསྒྲུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོད་སྟབས། རིག་གཞུང་དེ་དག་གཅེས་འཛིན་ཆེད་ངེས་པར་རྒྱབ་སྐྱོར་གནང་དགོས་པའི་སྐོར་གསུངས།

ཉི་ཧོང་རྒྱལ་ཡོངས་སློབ་སྟོན་ཚན་པ་ Japan Institute of National Fundamentals ཞེས་པའི་ཚོགས་གཙོ་སོགས་དང་མཇལ་འཕྲད་སྐབས།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ནང་༸གོང་ས་མཆོག་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས་གསུང་དོན། ཁྱེད་རྣམ་པའི་རྒྱབ་སྐྱོར་འོག་ང་ཚོ་ཉི་ཧོང་ཡུལ་འདིར་ཡོང་ཐུབ་པ་དེས་ཉི་ཧོང་ཡུལ་འདིས་དྲང་བདེན་ལ་རྒྱབ་སྐོར་ཇི་ཙམ་གནང་བཞིན་ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་ཤུགས་ཆེ་ཞིག་བཏང་ཐུབ་ཡོད། ཨུ་རུ་སུ་ལྟ་བུར་མཚོན་ན་ང་ཚོར་ཆོག་མཆན་མ་གནང་བར་བརྟེན་ཡུལ་དེའི་ནང་དུ་ང་ཚོ་འགྲོ་མ་ཐུབ་པ་རེད། ཅེས་གསུང་པ་མ་ཟད། འབྱུང་འགྱུར་བོད་མིའི་འཐབ་རྩོད་མུ་མཐུད་ཡུན་རིང་སྲ་བརྟན་རྒྱུན་སྐྱོང་ཐུབ་སླད་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ལ་མཐུན་འགྱུར་རོགས་རམ་མུ་མཐུད་ནས་གནང་རྒྱུར་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་རྒྱ་ནག་གཞུང་གིས་སྲིད་བྱུས་ཀྱི་ཤུགས་རྐྱེན་འོག་མཐོ་སྒང་བོད་ཀྱི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་དང་། འཛམ་གླིང་སྤྱི་དང་ལྷག་པར་ཨེ་ཤེ་ཡའི་གླིང་ཆེན་གྱི་ཡུལ་གྲུ་ཁག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ་སྐོར། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༤༧ ལྷག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཞི་རྒོལ་རྔམ་སྟོན་བྱས་དང་བྱེད་མུས་ཡིན་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་གལ་ཆེར་བརྩིས་ནས་བཀའ་ཤག་གིས་དེའི་ཐོག་དམིགས་བསལ་ཐུགས་ཁུར་བཞེས་ཏེ་ཤེས་ཡོན་ལས་གཞི་འདྲ་མིན་ཐོག་སྲིད་བྱུས་གཏན་འབེབས་གནང་ནས་ལས་གཞི་ལག་བསྟར་གནང་བཞིནཔ་དང་། ལྷག་པར་ཉི་ཧོང་དང་བོད་རིགས་སློབ་ཕྲུག་ཕན་ཚུན་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་ཐུབ་པ་ཡིན་ན་ཕྱོགས་གཉིས་ཀར་ཕན་ཐོགས་ཧ་ཅང་ཡོང་རྒྱུ་ཡིན་སྐོར་གསུངས།

ཉི་ཧོང་རྒྱལ་ཡོངས་སློབ་སྟོན་ཚན་པ་ Japan Institute of National Fundamentals ཞེས་པའི་ཚོགས་གཙོ་སོགས་དང་ལྷན།
ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་སྐབས་དེར་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག་པ་མ་ཟད། བོད་རིགས་སློབ་ཕྲུག་ཚོ་ཉི་ཧོང་དུ་ཕེབས་ནས་ལག་ཤེས་སོགས་ལས་རིགས་འདྲ་མིན་ཐོག་སློབ་སྦྱོང་གནང་ཐུབ་ཚེ་བོད་མིའི་སྤྱི་ཚོགས་རང་ཁ་རང་གསོ་ཡོང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུངས།
ཉིན་རྒྱབ་བོད་མིའི་སྐུ་ཚབ་རྣམ་པས་ལྕམ་སྐུ་ས་ཀུ་ར་ཡོ་ཤི་ཀོ་ Ms Sakura Yoshiko མཆོག་དང་མཇལ་འཕྲད་གནང་འདུག ལྕམ་སྐུ་མཆོག་ནི་ཉི་ཧོང་རྒྱལ་ཡོངས་སློབ་སྟོན་ཚན་པ་ Japan Institute of National Fundamentals ཞེས་པའི་ཚོགས་གཙོ་ཡིན་འདུག སྐབས་དེར་ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེར་ངོས་འཛིན་བྱས་ནས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་པའི་སྐོར་སོགས་གླེང་ཡོད།།