༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྡི་རང་ས་ཁུལ་དུ་རྟེན་གཞི་བྱས་པའི་ཐུབ་གསུང་དར་རྒྱས་གླིང་གི་གསུང་རྭའི་ནང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། སྡི་རང་དང་རྟ་དབང་། བསྟན་འཛིན་སྒང་། འབུམ་སྡེ་ལ་སོགས་ནས་དད་ལྡན་སེར་སྐྱ་ཕོ་མོ་ཁྱོན་མི་གྲངས་ ༢༥༠༠༠ བརྒལ་བར་བློ་སྦྱོང་ཚིག་བརྒྱད་མ་དང་། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད། ཐུགས་རྗེ་ཆེན་པོའི་བཀའ་དབང་བཅས་བཀའ་དྲིན་བསྐྱངས་ཡོད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་སྡི་རང་ལ་ཡང་བསྐྱར་ཐེངས་གཅིག་བསླེབས་པ་རེད། ཐོག་མའི་འཆར་གཞི་བྱེད་ན་རྟ་དབང་ལ་ཤར་རྒྱག་འགྲོ་རྒྱུ་བྱེད་པ་རེད། འོན་ཀྱང་གནམ་གཤིས་ཀྱི་འགྱུར་བ་ལ་བརྟེན་ནས་སྣུམ་འཁོར་ནང་ཡོང་བ་ཡིན། དེ་ཡང་རྐྱེན་ངན་གྲོགས་ལ་འཆར་བ་རང་རེད། ཁྱེད་ཚོ་ཡུལ་པ་ཚོ་ལའང་ངོས་རང་ཐུག་རྒྱུ་དང་། སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་རེད། ཧ་ཅང་ཡག་པོ་བྱུང་སོང་། ངོས་རང་ཡང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་དངོས་གནས་དད་མོས་དང་དམ་ཚིག་འགྱུར་བ་མེད་པ་རེད་འདུག དེ་རིང་བཀའ་ཆོས་བྱ་རྒྱུ་འདི་སྤྱན་རས་གཟིགས་དག་སྣང་གི་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བྱ་རྒྱུ་དང་། གླང་ཐང་ཚིག་བརྒྱད་བཤད་པ་འགོ་དེར་བྱ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་བ་དང་སྦྲགས་བླ་མའི་རྣལ་འབྱོར་ལུང་ལྗགས་ཀློག་མཛད་རྗེས་མུ་མཐུད་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་ནད་ན་ཚ་ཡོང་གི་འདུག་ན་སྨོན་ལམ་བརྒྱབ་པ་ལས་སྨན་བཟའ་ན་དགའ་རྒྱུ་རེད། འཕྲོད་བསྟེན་བྱ་རྒྱུ་གལ་ཆེན་པོ་རེད། ཆང་འཐུང་རྒྱུ་འདི་དེང་སང་སྨན་པ་ཚོས་མང་པོ་བརྗོད་ཀྱི་འདུག ཆང་མང་པོ་འཐུང་བ་ཡིན་ན་མཆིན་པ་སྐྱོན་ཤོར་རྒྱུ་རེད། ཅེས་མང་པོས་གསུང་བཞིན་འདུག ལྷག་པར་ཨ་རག་གོང་ཆེན་དེ་འདྲ་འཐུང་བ་ཡིན་ན་མཆིན་པ་སྐྱོན་ཤོར་རྒྱུ་རེད། ངོས་ཀྱི་སྣེ་ཤན་མི་ཧ་ཅང་ཡག་པོ་ཞིག་ཡོད། རྒྱ་གར་གཞུང་གིས་བཙུགས་པའི་སྣེ་ཤན་ཧ་ཅང་གྲོགས་པོ་ཉེ་པོ་ཡིན། རྟག་ཏུ་རྩེད་མོ་རྩེ་ནས་སྡོད་ཀྱི་ཡོད། ཁ་སང་མཐའ་མ་དེར་ཐུག་སྐབས་དེ་རིང་༸རྒྱལ་བ་རིན་པོ་ཆེ་ལ་ངོས་ཀྱིས་རྐྱང་ཕྱག་འཚལ་རྒྱུ་ཡིན། ཞེས་བརྗོད་བྱུང་། རྐྱང་ཕྱག་འཚལ་བ་ནས་བཟུང་ཐུག་མ་བྱུང་། གྲིབ་སྐྱོན་ལྟ་བུ་བྱུངའདུག གྲིབ་སྐྱོན་ཟེར་ནའང་ཁོང་གི་མཆིན་པ་དེ་སྐྱོན་ཤོར་འདུག ཁོང་གིས། ངའི་ན་ཚ་འདི་ང་རང་གིས་བཟོས་པ་ཡིན། ཞེས་ཟེར་གྱི་འདུག དེར་བརྟེན་ཆང་འཐུང་རྒྱུ་འདིས་མཆིན་པར་ཧ་ཅང་གནོད་ཀྱི་ཡོད། དཔེར་ན་བྷི་ཧཱར་མངའ་སྡེའི་གཞུང་ལྟ་བུ་ཡིན་ན་ཆང་འཚོང་རྒྱུར་དམ་བསྒྲགས་བྱེད་ཀྱི་འདུག དེ་ཚོའི་གྲས་དེ་ཁྱེད་རང་ཚོས་མ་བསྐུལ་དང་བླངས་བྱས་ནས་ཆང་འཐུང་རྒྱུ་མེད། དེ་ཡང་རིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་བསྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཡོད། དེའི་ནང་མི་དགེ་བ་བཅུའི་ནང་ལ་ཆང་མི་འཐུང་བ་འདི་གཅིག་རེད། དེ་ནས་ལོག་འཚོ་མི་བྱེད་པ། འཚེ་བ་མི་བྱེད་པ། གུས་པས་སྦྱིན་པ། མི་ལ་རོགས་པ་བྱེད་སྐབས་རང་ཉིད་དྲག་པ་ཡོད་བསམས་པ་དེ་འདྲ་མིན་པར་བློ་སྦྱོང་ཚིག་བརྒྱད་མའི་ནང་གསུང་པ་ལྟར། བདག་ཉིད་ཀུན་ལས་དམན་ལྟ་ཞིང་། གཞན་ལ་བསམ་པ་ཐག་པ་ཡིས། མཆོག་ཏུ་བཀུར་བ་བྱིན་གྱིས་རློབས། ཞེས་གཞན་ལ་ཕན་པ་བསྒྲུབ་རྒྱུ་སོགས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྟེང་ལ་འདི་དྲུག་པོ་སྣོན་ནས་མངོན་མཐོ་བསྒྲུབ་པའི་ཆོས་བཅུ་དྲུག ཅེས་རིན་ཆེན་ཕྲེང་བའི་ནང་གསུངས་ཡོད། འདིའི་ནང་དུ་ཆང་འཐུང་བ་འདི་ཉེས་པ་གཅིག་བྱས་ནས་ཆང་སྤོང་བ་གསུང་བཞིན་ཡོད། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོ་བྱས་ནས་སྡོད། ངོས་ཀྱིས་གོང་དུ་བཤད་པ་ལྟར་གཙོ་བོ་འཕྲོད་བསྟེན་བྱ་རྒྱུ་འདི་རེད། དེ་ནས་ཏོག་ཙམ་མི་བདེ་བ་དང་། སྨན་པ་བསྟེན་ཡང་མ་ཕན་པ་དེ་འདྲ་བྱུང་ན་སྒྲོལ་མའི་ཟུང་སྔགས་དེ་འདོན་ན་ཕན་རྒྱུ་རེད། ཅེས་བཀའ་སློབ་སྩལ།
ཕྱི་ཚེས་ ༦ ཉིན་སྡི་རང་དུ་དེ་སྔ་ཕྱི་ལོ་ ༡༩༨༣ ལོར་དུས་འཁོར་དབང་ཆེན་སྩལ་བར་བརྟེན། ས་གནས་ཡུལ་མི་ཚོས་དུས་འཁོར་ལྷ་ཁང་ཞིག་གསར་རྒྱག་ལེགས་གྲུབ་ཟིན་པ་དེར་ཐུགས་སྨོན་རབ་གནས་བཀའ་དྲིན་ཆེ་གནང་མཛད་རྗེས་ཆིབས་འགྲོ་བརྒྱུད་རྟ་དབང་དགོན་པར་ཆིབས་སྒྱུར་བསྐྱངས་གཏན་འཁེལ་ཡོད་པ་བཅས།།