༢༠༡༧ ཟླ་ ༤ ཚེས་ ༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་དུ་རྟེན་གཞི་བྱས་པའི་ཡིད་དགའ་ཆོས་འཛིན་གསུང་ཆོས་རྭ་བའི་ནང་དུ་དད་ལྡན་ཆོས་ཞུ་བ་ ༥༠༠༠༠ བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་ཐོག་མར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྱེད་རང་ཚོ་མོན་གྱི་ཆོས་གྲོགས་དད་པ་དང་དམ་ཚིག་གཡོ་བ་མེད་པ། ངོས་ལ་མཚོན་ན་ཕྱི་ལོ་ ༡༩༥༩ ལོར་ས་ཁུལ་འདི་ནས་མར་ཡོང་བ་རེད། དེ་འདྲའི་ཐོག་ནས་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོད་པ་ཞིག་དང་། དེ་རིང་མི་མང་མང་པོ་ཞིག་འདིར་འདུས་ནས་ཡོད་པ་རེད། བློན་ཆེན་མཆོག་དང་། དགེ་འདུན་གྱི་སྡེ་དང་། ས་གནས་ཀྱི་དཔོན་ཁག་རྣམ་པ་ཚོ། བླ་སྤྲུལ་དགེ་བཤེས་བཅས་ཚང་མར་ཞུ་རྒྱུར། ཐོག་མ་དེར་མ་འོངས་པར་མཐོ་སློབ་གཅིག་འཛུགས་རྒྱུའི་རྨང་རྡོ་ཞིག་གདིང་རྒྱུ་བྱུང་བ་དགའ་པོ་བྱུང་། ལྷག་དོན་མངའ་སྡེའི་བློན་ཆེན་མཆོག་གི་གསུང་བཤད་ནང་ལ། མ་འོངས་པར་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དེ་ཚོ་ངོས་ཀྱིས་ནམ་རྒྱུན་རེ་འདུན་ཇི་ལྟར་བཏོན་པ་ནང་བཞིན་དོ་སྣང་ཆེ་ཙམ་བྱ་རྒྱུ་ཞིག་གསུངས་སོང་། ཧ་ཅང་དགའ་པོ་བྱུང་། མདུན་འདིར་ཡི་གེ་བཀྲམས་པའི་ནང་དེར་ངོས་ཀྱིས་ནམ་རྒྱུན་འགན་ཁུར་གསུམ་ཤོད་ཀྱི་ཡོད། ཁྱེད་རང་ཚོས་ཕ་གེར་བྲིས་འདུག དེར་བརྟེན་ངོས་ལ་དགའ་པོ་བྱེད་མཁན་གྱི་གྲོགས་པོ་ཚང་མས་ངོས་ཀྱིས་མི་ཚེ་བདེ་སྐྱིད་ཡོང་རྒྱུ་གཅིག་དང་། བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་རེད། དེར་བརྟེན་ཆོས་ཡོད་རུང་མེད་རུང་། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་མིའི་ལྷན་སྐྱེས་ཀྱི་རང་བཞིན་ལ་བྱམས་བརྩེ་ཡོད་པ་དེ་ཚན་རིག་པས་ཀྱང་བརྗོད་ཀྱི་འདུག ང་རང་ཚོས་དངོས་སུ་ཉམས་ལེན་ཐོག་ནས་ཀྱང་ཇི་ཙམ་བྱམས་བརྩེའི་ཚོར་བ་ཡོད་པ་ཞིག་བྱུང་བ་ཡིན་ན། དེའི་ནང་གི་མི་ཚང་མ་སེམས་སྐྱིད་པོ་ཡོང་རྒྱུ་རེད།
མི་བཅུ་གྲངས་ཤིག་རུབ་རུབ་བྱས་ནས་མི་གཅིག་གིས་དེའི་སར་རླུང་ལངས་ཏེ་སྐད་ཅོར་བརྒྱབ་པ་ཡིན་ན། མི་ཚང་མ་མ་སྐྱིད་པ་ཆགས་རྒྱུ་རེད། དངོས་གནས་བྱམས་བརྩེ་ལྡན་པ་ཞིག་བྱུང་བ་ཡིན་ན། ང་རང་ཚོ་མིའི་སྡེ་ཚོགས་ཚང་མ་བདེ་སྐྱིད་ཡོང་ཐུབ་པ་ཞིག་དང་། མཐར་ཡུལ་སྡེ་སོ་སོ་ནས་དེ་འདྲའི་ཐོག་ལ་དང་དོད་བྱས་ནས་རྒྱལ་ཁབ་ཕན་ཚུན་དེ་འདྲ་བྱས་ནས་འབད་བརྩོན་ཞིག་བྱེད་ཐུབ་ན། མཐར་དུས་རབས་ ༢༡ འདི་དངོས་གནས་བྱམས་བརྩེ་ལྡན་པ་ཞིག་དང་ཞི་བདེའི་དུས་རབས་བདེ་སྐྱིད་ལྡན་པ་ཞིག་ཏན་ཏན་ཡོང་ཐུབ་རྒྱུའི་རེ་བ་ཡོད། དེ་འདྲ་ཡིན་དུས་ངོས་ཀྱི་གྲོགས་པོ་ཁྱེད་རང་ཚོ་ཚང་མས་སྤྱིའི་བདེ་སྡུག་རྩ་བ་བྱམས་བརྩེ་ཡིན་སྟབས། བྱམས་བརྩེ་གོང་འཕེལ་གཏོང་རྒྱུ། གཉིས་ནས་ཆོས་བརྒྱུད་ཚང་མ་ཐུགས་མཐུན་ཁྲིམས་གཙང་ཡོང་རྒྱུ་དེར་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། འདི་ཁྱོད་རང་ཚོས་བློ་ལ་བཞག དེ་རིང་འདིར་ཡང་བསྐྱར་ཐེངས་མ་གཅིག་ཡོང་བ་རེད། ཐོག་མའི་འཆར་གནམ་གྲུའི་ནང་འགྲོ་རྒྱུ་བྱས་པ་རེད། འོན་ཀྱང་གནམ་གཤིས་དང་དེ་འདྲའི་ཐོག་ནས་ཚད་ཐིག་པ་ཞིག་དང་འདེང་འཁེལ་བ་ཞིག་མིན་འདུག དེར་བརྟེན་མོ་ཊའི་ནང་ལ་ཡོང་བ་རེད། འདི་ཧ་ཅང་ཡག་པོ་བྱུང་སོང་།
ཁྱེད་རང་ཚོ་མི་མང་ཚོས་གྲོང་གསེབ་ཆུང་ཆུང་ཁྱིམ་ཚང་འགའ་ཤས་ལས་མེད་པ་དེ་ཚོའི་གྲས་ཀྱིས་ཁ་ཟས། འོ་མ་དང་ཇ་དེ་འདྲ་སྒྲིག་ནས། ངོས་རང་ལ་དུས་ཚོད་མེད་སྟབས་ལྷོད་ལྷོད་བྱས་ནས་སྡོད་ཐབས་བྲལ། དེའི་ཐོག་ཐང་ཡང་ཆད་ཀྱི་འདུག དེ་འདྲ་ཡིན་དུས་ལྷོད་ལྷོད་བྱས་ནས་སྡོད་ཐུབ་རྒྱུ་མེད་ཀྱང་ལམ་འཁེལ་སའི་གྲོང་དང་གྲོང་བརྡལ་ཡོད་ས་དེ་ཚོའི་གྲས། ཁོ་རང་ཚོས་ངོས་མཐོང་རྒྱུ་ཡོད་པ། ངོས་ནས་ཀྱང་ཁོང་ཚོར་སྨོན་ལམ་བརྒྱབ་ཐུབ་པ་ཧ་ཅང་ཡག་པོ་བྱུང་། དེར་བརྟེན་ཁ་སང་ཁ་ཉིན་ལམ་དེ་དག་ཐོག་ནས་ཤར་ཡོང་སྐབས། ཡུལ་པ་ཚོས་དངོས་གནས་སྙིང་ཁོང་རུས་པའི་གཏིང་ནས་དགའ་དད་སྤྲོ་གསུམ་ཟེར་བ་དེ་འདྲ་ཞིག་བློར་ཡོད་པའི་ཐོག་ནས་ཕྱིའི་རྣམ་འགྱུར། མང་པོ་ཞིག་གིས་མིག་ཆུ་གཏོང་བཞིན་འདུག དེ་འདྲ་བྱུང་སོང་། ཁྱེད་རང་ཚོ་འགའ་ཤས་འདིར་ཡོད་ཀྱི་རེད། འདིར་དངོས་སུ་མེད་པ་ཚོ་ལ་ཡིན་ནའང་རེད། ཁྱེད་རང་ཚོ་ཚང་མར་ངོས་ཀྱིས་ཐུགས་རྗེ་ཆེ་ཟེར་གྱི་འདུག ཅེས་ལན་སྤྲོད་རོགས་ཟེར་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོར་བོད་ནང་གནས་ཚུལ་ཧ་ཅང་ཛ་དྲག་ཆགས། ཐབས་ཤེས་ལོ་ནས་ལོ་བསྟུད། ཟླ་བ་དང་ཟླ་བ་བསྟུད། བདུན་ཕྲག་ནས་བདུན་ཕྲག་བསྟུད་དེ་ཞི་འཇམ་ཡོང་རྒྱུའི་ཐབས་ཤེས་གང་ཡོང་བྱས་ཀྱང་ཕྱོགས་གཉིས་ཀ་རྩ་བ་ནས་འུ་ཐུག་ཐབས་ཟད་ལྟ་བུ་བྱས་ནས་བོད་མི་ཚོས་འུ་ཐུག་ནས་ངོ་རྒོལ་བྱས་པ་དེ་འདྲ་བྱུང་བ་རེད། བཅིང་བཀྲོལ་དམག་མིའི་ངོས་ནས་ཡིན་ནའང་རེད། ཕྱི་ལོ་ ༡༩༥༦ ལོ་ནས་བཟུང་མདོ་མདོ་སྨད། དེ་ནས་རིམ་བཞིན་དབུས་གཙང་ཁུལ་བཅས་ཚང་མར་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བ་རེད། དེ་འདྲ་ཞིག་གི་འོག་ནས་ཐབས་གཞན་གང་ཡང་མེད་པར་བྲོས་རྒྱུ་འཁེལ་བ་རེད། དེ་ནས་ཐོག་མར་རྒྱ་གར་གྱི་ས་མཚམས་ཟིན་ས་དེ་མོན་གྱི་ཡུལ་ཀེན་ཛ་མ་ནི་ཟེར་ས་དེ་ནས་རྒྱ་གར་གྱི་ས་བཟུང་ནས་སྐབས་དེར་པཎྡིཏ་ནེ་རུ་མཆོག་གིས་དམིགས་བསལ་གྱི་ཐུགས་ཁུར་བཞེས་ནས། སྤྱིར་ནེ་རུ་མཆོག་ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སངས་རྒྱས་མྱང་འདས་ཀྱི་དུས་ཆེན་དུ་བཅར་སྐབས་ངོ་ཤེས་ནས་གོ་བསྡུར་ཐེངས་མང་བྱ་རྒྱུ་བྱུང་། ནང་ཚགས་ཧ་ཅང་ཆགས་ཡོད། དངོས་གནས་དྲང་གནས་དོན་དམ་གྱི་ཤ་ཚ་ལྡན་པའི་གྲོགས་པོ་ཞིག་ཆགས་ཡོད། ཁོང་དང་ཐོག་མ་རྒྱ་ནག་ཏུ་ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་ནེ་རུ་རྒྱ་ནག་ཏུ་རྒྱལ་ཁབ་ཀྱི་དུས་ཆེན་ཁར་ཐུག་དེར་ཕལ་ཆེར་སྐུ་མགྲོན་གཙོ་བོ་ཡིན་པ་ཡོད། དེ་འདྲ་བྱས་ནས་རྒྱ་ནག་ཏུ་ངོས་དང་ཐེངས་དང་པོ་ཐུག་པ་རེད།
དེ་འདྲ་བྱས་ནས་ངོ་ཤེས་རྙིང་པ་ཞིག་ཆགས་ཡོད་སྟབས་དངོས་གནས་ཐུགས་ཁུར་བཞེས་པ་རེད། ཐོག་མར་ཛ་དྲག་གི་གནས་ཚུལ་ཞིག་འོག་ནས་ཚུར་བྲོས་ཡོང་ནས་རང་དབང་གི་ཡུལ། ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་གཉིས་བརྗོད་སྐབས་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད། དེ་འདྲ་ཞིག་གི་ས་མཚམས་བཟུང་ནས་ཡོང་དུས་སེམས་ནང་དངོས་གནས་འཇིགས་པ་ལས་གྲོལ་སོང་། བསམས་པ་ཞིག་གི་ངང་ནས་མར་ཡོང་དུས་ཁྱེད་རང་ཚོ་མོན་པའི་ཡུལ་པ་ཚོས་དངོས་གནས་ཧུར་ཐག་འབད་ཐག་དགའ་བསུ་བྱས་ནས་ཧ་ཅང་ཡག་པོ་བྱས་བྱུང་། ངོས་རང་ཙམ་མིན། ངོས་ཀྱི་མཇུག་ཏུ་བོད་ནས་བཙན་བྱོལ་བ་མང་པོ་ཡོང་བ་རེད། ལམ་དུ་ཟ་རྒྱུ་དང་འཐུང་རྒྱུའི་རིགས་སྤྲད་ནས་ད་ལོ་ཁྱེད་རང་ཚོ་འོབ་རྒྱལ་བྱུང་། ཟེར་ནས་གདུང་སེམས་མཉམ་སྐྱེའི་སྐད་ཆ་བཤད། དེ་འདྲ་བྱས་ནས་དམིགས་བསལ་འབྲེལ་བ་ཞིག་བྱུང་བ་རེད།
བར་སྐབས་ངོས་རང་འདིར་ཐེངས་འགའ་ཤས་བསླེབས་པ་རེད། དེ་རིང་ཡང་བསྐྱར་ཚར་གཅིག་བསླེབས་ནས་ངོས་རང་ཡང་ཧ་ཅང་དགའ་པོ་བྱུང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མ་འོངས་པར་དུས་འཁོར་དབང་ཆེན་གནང་རོགས། ཞེས་གསུངས་པ་འདི་ངོས་ཀྱིས་སེམས་ལ་འཇོག་རྒྱུ་ཡིན། ངོས་ཀྱིས་ལམ་སེང་ཡོང་གི་རེད། ཅེས་བརྗོད་མ་ཐུབ་ཀྱང་ངོས་ཀྱིས་སེམས་ནང་འཇོག་རྒྱུ་ཡིན། སྔ་མོ་སྡི་རང་ལ་དུས་འཁོར་དབང་ཆེན་ཐེངས་གཅིག་བྱས་པ་རེད། འདི་གར་མོན་རྟ་དབང་དུ་ཐེངས་གཅིག་བྱེད་ཐུབ་ན་ཡག་པོ་ཡོང་ས་རེད། ཡིན་ནའང་ངོས་ཀྱིས་དུས་འཁོར་དབང་ཆེན་བྱེད་རྒྱུའི་མཐུན་རྐྱེན་གཙོ་བོ་འདི་ད་ནས་བཟུང་སྟེ་ཁྱེད་རང་ཚོས་ནང་ཆོས་སློབ་སྦྱོང་བྱེད་རྒྱུའི་ཐོག་ལ་ཤུགས་རྒྱབ་ཤོག་ཨང་། ནང་ཆོས་སློབ་སྦྱོང་ཐོག་ལ་ཤུགས་བརྒྱབ་ནས་ངོས་རང་ཡིད་ཚིམ་པ་ལྟ་བུ་བྱུང་བ་ཡིན་ན། ངོས་ཀྱིས་དགའ་ཞིང་སྤྲོ་ཞིང་འདིར་དུས་འཁོར་དབང་ཆེན་བྱ་བར་ཡོང་རྒྱུ་རེད། གཞན་དུས་འཁོར་དབང་ཆེན་བྱས་ནས་ཆོ་ག་མར་འདོན་ཡོང་སྐབས་གོ་བརྡ་སྤྲོད་རྒྱུ་རྩ་བ་ནས་མེད་པ་བྱས་ནས་སྐྱབས་བསུ་མཆི། ཟེར་རྒྱུ་ཙམ་གྱི་ཐོག་ནས་ཕྱིན་པ་ཡིན་ན། དེ་ཙམ་གྱི་ཕན་ཐོགས་ཆེ་བ་གང་ཡང་མེད། ཅེས་བཀའ་སློབ་སྩལ་རྗེས་ཆོས་འབྲེལ་དབུ་འཛུགས་མཛད།།