༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་༸ཞབས་སོར་བདེ་བར་འཁོད་ནས་མཁན་བླ་དགེ་འདུན་ཡོངས་ལ་བླང་དོར་བཀའ་སློབ་སྩལ་དོན། དེ་རིང་རྟ་དབང་དགོན་གྱི་མཁན་པོ་ལས་ཟུར་ཚོ་དང་། འབྲས་སྤུངས་བློ་གསལ་གླིང་མཁན་རིན་པོ་ཆེ། ཁྱེད་རང་ཚོ་དགེ་འདུན་བགྲེས་གཞོན། དེ་བཞིན་དཔོན་རིགས་དང་སྦྱིན་བདག་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདི་ནི་ཡར་མོན་གྱི་ས་མཚམས་སུ་བསླེབས་སྐབས་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་རེད། དེ་འདྲ་ཡིན་དུས་དངོས་གནས་དད་པ། དམ་ཚིག དགའ་ཞེན་དམིགས་བསལ་བྱས་ནས་དངོས་གསལ་དོད་པོ་ཡོད་པ་ཞིག་རེད་འདུག ཆོས་ཕྱོགས་ཐོག་ལའང་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པའི་རྟགས་མཚན་གསལ་པོ་འདུག
འདི་གར་དགོན་པ་དང་ལྷ་ཁང་ཧ་ཅང་མང་པོ་འདུག དགོན་པ་བཞེངས་རྒྱུ་དང་སྐུ་གསུང་ཐུགས་རྟེན་བཞེངས་རྒྱུ་ཁོག་པའི་ནང་བཞེངས་དགོས། སྤྱི་བོ་ཟེར་ནའང་མིན་འདུག་དཔྲལ་བར་ཀླད་པ་ཡོད། དེར་རྗེ་བཙུན་འཇམ་དཔལ་དབྱངས་ངོ་མ་ཞིག་བཟོ་ཐུབ་པ་དགོས། སྙིང་གར་སྤྱན་རས་གཟིགས་སྙིང་རྗེའི་ལྷ་མཆོག དེས་སེམས་པ་བཟང་པོ་བྱེད་རྒྱུ་འདི་དགོས། དེ་གཉིས་བྱུང་ན་འཕྲིན་ལས་འབད་མེད་ལྷུན་འགྲུབ་ཡོང་ངེས་རེད། བྱམས་པ་དང་བརྩེ་བ། ཤེས་རབ་དེ་དག་ཧ་ཅང་གལ་ཆེན་པོ་རེད་འདུག དེ་དག་ལ་ང་ཚོས་དང་འདོད་བྱེད་རྒྱུ་གལ་ཆེན་པོ་རེད། མ་གཞི་དད་པ་ཡོད་པ་བྱས། ཆོས་ཀྱི་གནས་ལུགས་དེ་ཙམ་མ་ཤེས་པ་བྱས་ནས་བསྡད་པ་ཡིན་ན། རིམ་བཞིན་མི་རབས་གསར་པ་བསླེབ་སྐབས་ཆོས་ཕྱོགས་ཀྱི་ཞག་ཚི་དེ་ཆུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད།
དེང་སྐབས་འཛམ་གླིང་གང་སར་ལོ་གཞོན་པ་ཚོར་ཆོས་དད་ཏོག་ཙམ་ཆུང་དུ་འགྲོ་བཞིན་ཡོད་པ་ལྟ་བུ་འདུག ཡེ་ཤུའི་ལྷ་ཁང་ཆེན་པོ་དེ་འདྲར་དེང་སྐབས་མི་ཉུང་དུ་འགྲོ་བཞིན་འདུག སངས་རྒྱས་པའི་ཆོས་ལ་ལྟ་གྲུབ་ཐོག་གཞན་དང་མི་འདྲ་བའི་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་དང་། འགྲེལ་བཤད་དེར་མཇུག་སྣོན་ལ་ཚན་རིག་པའི་མིག་མཐོང་ལག་ཟིན་རྙེད་པ་དེ་འདྲ་དང་གཏུག་ནས་འཆད་ཡོང་སྐབས། སངས་རྒྱས་པའི་ལྟ་གྲུབ་འདི་གཞན་དང་མི་འདྲ་བ་ཞིག་རེད་འདུག
དེར་བརྟེན་ང་ཚོར་སངས་རྒྱས་པའི་ཆོས་གསར་དུ་སྤེལ་བ་དེ་འདྲ་བྱེད་པ་ཞིག་མིན། ཕ་མེས་ནས་ཡིན་པ་རེད། དེ་འདྲ་ཡིན་དུས་སོ་སོའི་ཕ་མེས་ནས་གཅེས་ནོར་ལྟ་བུ་ཡོད་པ་འདི་སྔ་མོ་སྐལ་བཟང་དུས་བཟང་སྐབས་བརྩི་བ་ཡིན་ན་དད་པ་བྱས་ནས་འགྲོ་བསྡད་པ་རེད། དུས་ཚོད་དེ་ཕལ་ཆེར་ཡོལ་ཟིན་པ་རེད། འཛམ་གླིང་འདིའི་སྒང་ལ་སྤྱི་ཡོངས་ཀྱི་ཤེས་ཡོན་ཧ་ཅང་ཡར་རྒྱས་འགྲོ་བཞིན་ཡོད།
ལྷག་པར་ཚན་རིག་གི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད། ཚན་རིག་གི་ཐོག་ནས་དངོས་སུ་མིག་མཐོང་ལག་ཟིན་དེ་དག་ཡོང་བཞིན་ཡོད། དཔེར་ན་ཚན་རིག་ཐོག་ནས་འཛམ་གླིང་གནས་སྟངས་འདི་རྒྱུས་ཡོད་མཁན་མི་དེ་ལ་རིའི་རྒྱལ་པོ་རི་རབས་སྐོར་བཤད་ན་གད་མོ་ཤོར་རྒྱུ་རེད།
ངོས་རང་ཡང་གད་མོ་ཤོར་གྱི་འདུག འཛམ་གླིང་ཧྲིལ་པོ་འདི་དངོས་སུ་མིག་གིས་མཐོང་རྒྱུ་ཡོད། ཚད་འཇལ་ནས་བཤད་ཀྱི་ཡོད། དེ་སྔ་ང་ཚོས་སྐལ་བ་བཟང་པོ་ཟེར་ནའང་མིན་འདུག ངོས་ཀྱིས་བརྗོད་ཆོག་པ་ཡིན་ན་ལྐུགས་ཚོད་ཚོད་ཐོག་ནས་ཕྱིན་པ་རེད། དུས་ཚོད་དེ་ཡོལ་ཟིན་པ་རེད། འདི་འདྲའི་དུས་ཚོད་སྐབས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་གཏིང་ཟབ་པོ་ཞིག་དང་རྒྱ་ཆེ་བའི་ལྟ་གྲུབ་གཞི་ལ་བཞག་པའི་སངས་རྒྱས་པའི་ཆོས་འདི། ང་རང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་ཚོས་དངོས་གནས་ཆོས་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད། ཆོས་ཀྱི་གནས་སྟངས་དེ་དག་ཤེས་པར་བྱེད། ཤེས་པ་ཙམ་གྱིས་མི་ཆོག་པར་སོ་སོས་ལག་ལེན་ཡག་པོ་ཞིག་གི་ཐོག་ནས་ཕྱིན་པ་ཡིན་ན།
འཛམ་གླིང་འདིའི་སྒང་ལ་དུས་རབས་ཉི་ཤུ་རྩ་གཅིག་རྩ་གཉིས། རྩ་གསུམ་པ། རྩ་བཞི་པའི་སྐབས་ཕལ་ཆེར་སངས་རྒྱས་པའི་ཆོས་ལ་དོ་སྣང་ཆེ་རུ་འགྲོ་རྒྱུའི་བཟོ་འདྲ་ཏན་ཏན་ཡོད། ང་ཚོས་ཆོས་སྤེལ་བ་མ་རེད། ཁྲོམ་རྭ་ལ་ཚོང་ལྟ་བུ་ཕར་ཕྱོགས་བཞག་པ་ཡིན་ན། རིན་ཐང་མིས་བརྒྱབ་ཀྱི་ཡོད། དེ་འདྲ་ཡིན་དུས་ནུབ་ལ་དྭགས་ནས་ཤར་མོན་བར་ང་ཚོའི་ཕ་མེས་ནས་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཐོག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་འུར་སྒྲོག་བཤད་པའི་སྐད་ཆ་མ་རེད།
དངོས་ཡོད་གནས་ཚུལ་ལ་ལོ་སྟོང་ཕྲག་རིང་མཁན་ཆེན་ཞི་བ་འཚོས་ང་ཚོར་བརྩིས་སྤྲོད་གནང་བའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ལོ་ཉི་ཤུ་སུམ་ཅུ་སློབ་སྦྱོང་བྱེད་ནས་གཞུང་ཆེན་གྱི་དོན་དེ་དག་གཏན་ལ་ཕབ། དེའི་ནང་ནས་རབ་ལ་སྒྲུབ་པའི་རྒྱལ་མཚན་འཛིན་མཁན། འབྲིང་ལ་དཔེ་འཁྲིད་མུ་མཐུད་བྱེད་མཁན། སོ་སོའི་ཕ་ཡུལ་ལ་ཡིན་ནའང་དཔེ་འཁྲིད་གནང་མཁན་དེ་འདྲ་བྱས་ནས་ཡོང་བཞིན་ཡོད། དེ་འདྲ་ཡིན་དུས་གང་ལྟར་གདན་ས་དེ་དག་ཕལ་ཆེར་བསྟན་པ་འཛིན་མཁན་ངོ་ཐོག་དེ་དག་ཤུགས་ཆེ་བ་རེད་འདུག དགོན་པ་མང་པོ་ཡོད་ཀྱང་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བརྒྱབ་མཁན་དེ་ད་ལྟ་གདན་ས་ཚོ་མ་གཏོགས་ཧ་ལམ་མིན་འདུག དེར་བརྟེན་ཁྱེད་རང་ཚོ་ཧི་མཱ་ལ་ཡ་རི་བརྒྱུད་ནས་གདན་ས་ཁག་ལ་མར་གྲྭ་རྒྱུན་དེ་འདྲ་གང་ཙམ་སླེབ་བཞིན་ཡོད།
དེ་དག་གིས་ཏན་ཏན་མ་འོངས་པར་ཕན་ཐོགས་ཡོང་རྒྱུ་རེད། ས་གནས་སོ་སོ་ལ་མཚོན་ནའང་དགོན་པ་ཡོད་པ་དེ་དག་ཀྱང་ངེས་པར་དུ་འདོན་པ་འདོན་རྒྱུ་དེ་ཚོ་རང་འཇག་ཡོད་པའི་ཐོག་ལ་དུས་དུས་ལ་ཆོས་ཀྱི་བགྲོ་གླེང་འཚོགས་རྒྱུ། གནས་སྐོར་ཡོང་མཁན་དང་མཆོད་མཇལ་ཡོང་མཁན་ཚོ་ལ་ཡིན་ནའང་ཚེས་བཟང་དུས་བཟང་དེ་འདྲའི་སྐབས་ལ་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱེད་རྒྱུ། དེ་འདྲ་ངེས་པར་དགོས་རྒྱུ་རེད་འདུག རིམ་བཞིན་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱས་ནས་དོ་སྣང་གང་ཙམ་ཡོད་མཁན་བྱུང་བ་ཡིན་ན་རིམ་བཞིན་འཛིན་གྲྭ་འཚུགས་ནས་གང་ལྟར་དགོན་པ་ཡོད་པ་དེ་དག་རིམ་བཞིན་སློབ་གཉེར་ཁང་དང་། ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད། ཤེས་ཡོན་བསྟི་གནས་ཁང་ཞིག་ཆགས་ཐུབ་ན། དེའི་ཤེས་ཡོན་གྱི་སྡེ་ཚན་ནང་དུ་ཚད་མ་རིག་པ། དཔེར་ན་ང་ཚོའི་བློ་རིག་དང་རྟགས་རིག་སློབ་རྒྱུ་ངེས་པར་དུ་ཆོས་ཀྱི་སྐད་ཆ་གང་ཡང་མིན། བློ་ཡི་རྣམ་གཞག་དེ་དག་དང་། རྟགས་རིག་ཐོག་ནས་རིག་པའི་འགྲོ་སྟངས་དེ་དག་སློབ་བཞིན་ཡོད།
དེར་བརྟེན་དེ་དྲའི་ཐོག་ནས་བསླབ་པ་ཡིན་ན། ཆོས་ལ་དད་པ་མེད་མཁན། ནང་པ་མིན་པ་དེ་ཚོས་ཀྱང་སེམས་ཁམས་རིག་པ། བློ་རིག་སློབ་ཡོང་སྐབས་སེམས་ཁམས་རིག་པ་སློབ་བཞིན་ཡོད། རྟགས་རིག་སློབ་སྐབས་ཚད་མ་རིག་པ་སློབ་བཞིན་ཡོད། དེ་ཚོར་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་སློབ་འཁྲིད་བྱེད་པ་ཡིན་ན། ཏན་ཏན་སྤྱིར་སྟངས་མང་ཚོགས་ཀྱི་ཤེས་ཡོན་ཡག་ཏུ་འགྲོ་རྒྱུར་ཁྱད་པར་ཏན་ཏན་ཡོད། སེམས་ཁམས་རིག་པའི་གནས་ཚུལ་ཏོག་ཙམ་ཤེས། ཚད་མ་རིག་པའི་རྣམ་གཞག་ཏོག་ཙམ་ཤེས་པ་ཡིན་ན། སྤྱི་ཡོངས་ནས་བཤད་ན། ཕལ་ཆེར་ཀླད་པ་གྲུང་དུ་འགྲོ་རྒྱུ་རེད།
འོན་ཀྱང་ཀླད་པ་གྲུང་དུ་ཕྱིན་ནས་མགོ་ལོག་བརྩི་གྲབས་ཡོད། ཕན་ཐོགས་ཡོང་གྲབས་ཡོད། ཏན་ཏན་རང་མེད་པ་ལྟ་བུ་རེད། དེ་ཡང་ཆོས་ཕྱོགས་ཀྱི་ཐོག་ནས་མི་སེམས་པ་བཟང་པོ་དགོས་རེད། མི་ཡ་རབས་དགོས་རེད། དྲང་པོ་དགོས་རེད། སྐྱག་རྫུན་དང་ཧམ་བཤད་བྱེད་རྒྱུ་མེད། མགོ་བདེ་དྲན་འཁྲུལ་བྱེད་རྒྱུ་མེད། ཅེས་ཡ་རབས་སྤྱོད་བཟང་གི་བསླབ་བྱ་འདི་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གྲུང་པོ་གཉིས་པོ་དེ་ཟུང་དུ་འབྲེལ་ནས་ཕྱིན་པ་ཡིན་ན། བསྟན་པའི་ཞབས་འདེགས་ཀྱང་མང་བ་བསྒྲུབ་ཐུབ་རྒྱུ་རེད། སོ་སོ་སྒེར་གྱི་ཉམས་ལེན་ཐོག་ནས་བཤད་པ་ཡིན་ནའང་ཉོན་མོངས་ལ་ཁ་གཏད་བཅོག་རྒྱུ་དེ་ཤུགས་ཆེ་བ་ཡོང་རྒྱུ་རེད།
དེ་རིང་ཁྱེད་རང་ཚོ་དགེ་འདུན་པ་ཚོ་དང་འཁྱུག་ཙམ་ཐུག་སྐབས་འདི་གཅིག་ཞུ་འདོད་བྱུང་། གྲོང་གསེབ་དང་གྲོང་སྡེའི་ས་ཁུལ་ཁག་ནས་སོ་སོས་གྲ་སྒྲིག་ཧ་ཅང་་བྱས་ནས་ཞབས་སྟེགས་དང་ཞལ་ཏོག་དེ་འདྲ་གྲ་སྒྲིག་བྱས་ནས་ངོས་རང་སྡོད་རྒྱུའི་གྲ་སྒྲིག་ཧ་ཅང་བྱས་འདུག སྔ་མོ་ངོས་རང་ཕྱི་ལོ་ ༡༩༥༩ ལོར་མོན་ནས་མར་ཡོང་བ་ཡིན། སྐབས་དེ་ནས་ད་བར་ལོ་ངོ་ ༥༨ ཙམ་ཕྱིན་པ་རེད། གང་ལྟར་ལུང་པ་འཛུགས་སྐྲུན་ནི་ཧ་ལས་པ་ཞིག་ཡོང་བཞིན་ཡོད་པ་ལྟ་བུ་འདུག
ཁང་པ་ཐོག་བརྩེགས་ཕལ་ཆེར་བཅོ་ལྔ་ཉི་ཤུ་མེད་དམ། ཧ་ཅང་མཐོ་བོ་ཞིག་གཤམ་དེར་འདུག ས་ཆ་བརྟན་པོ་རང་ཨེ་ཡོད་སྙམ་པ་འདུག གལ་ཏེ་ས་གཡོམ་གཅིག་བརྒྱབ་པ་ཡིན་ན་སྔོན་དང་པོ་འགྲོ་མཁན་མིན་ནམ་བསམ་པ་འདུག ཅེས་ཞལ་ཤོབ་མཛད་པ་དང་སྦྲགས། མཛད་སྒོ་གྲོལ་རྗེས་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ཕོ་བྲང་དུ་༸ཞབས་སོར་འཁོད་ཡོད་པ་བཅས།།