ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་སླད་དེང་རབས་ཀྱི་རིག་ཚན་སྣ་ཚོགས་དང་། རྒྱུན་སྤྱོད་ཀྱི་ཐ་སྙད་རྣམས་གཅིག་གྱུར་གཏན་འབེབས་དགོས་གལ་གཟིགས་ཏེ། བཀའ་ཤག་སྐབས་བཅུ་གསུམ་པའི་གཙོ་སྐྱོང་ལམ་སྟོན་འོག ཕྱི་ལོ་ ༢༠༠༧ ལོར་ཤེས་རིག་བརྡ་ཆད་ཚན་པ་འདི་བཞིན་དངོས་སུ་འགོ་འཛུགས་གནང་བ་ནས་བཟུང་ད་ཕན་འཛིན་སྐྱོང་དང་། དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ཨང་རྩིས་དང་སེམས་ཁམས་རིག་པ་སོགས་ཀྱི་བརྡ་ཆད་ཟིན་བྲིས་བཏབ་པ་རྣམས་ཆེས་མཐོའི་གཏན་འབེབས་ལྷན་ཚོགས་བརྒྱུད་ཐག་གཅོད་གཏན་འབེབས་ཀྱིས། ད་བར་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་དགུ་པ་བར་འདོན་སྤེལ་ཐུབ་པ་བྱུང་ཡོད།བརྡ་ཆད་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་རྫོགས་དང་། སྤྱི་སྒེར་སློབ་གྲྭ་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། དགོན་སྡེ་ཆོས་སྒར་དང་དཔེ་མཛོད་ཁང་། བརྒྱུད་ལམ་ཁག་སོགས་སུ་རྒྱ་གང་ཆེར་འགྲེམས་གཏོང་དང་དེབ་གཟུགས་པར་འགྲེམས་
ཟིན་རིམ་བཞིན་དྲྭ་ཚིགས་ཐོག་འཇོག་མུས་ཡིན།
མང་ཚོགས་ཀྱི་ངོས་ནས་ཐ་སྙད་ཐོག་གོ་བསྡུར་སྦྱངས་བཤད་དང་། བཀོལ་སྤྱོད་རྒྱ་གང་ཆེ་ཡོང་སླད། འདི་ལོར་ཧི་མཱ་ཅལ་མངའ་ཁུལ་གྱི་སློབ་གྲྭ་དང་། ཚོགས་སྡེ་སྒྲིག་འཛུགས་ཁག་ནང་བརྡ་ཆད་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འཆར་གཞི་སྒྲིག་ཁོངས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ནས་ ༦།༣༠ བར་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་དང་དགེ་ལས་རྣམས་ལ་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ་སོགས་ཀྱི་གོ་རྟོགས་སྤེལ་བ་དང་སྦྲགས། དྲི་བ་དྲིས་ལན་གྱི་ལམ་ནས་ལས་རིམ་རེ་ཞིག་མཇུག་བསྡུ་བར་བྱས།
དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ནས་ ༦ བར་གཏན་སློབ་ཁག་གི་རྒན་བདག་འགོ་ཁྲིད་ཟབ་སྦྱོང་ཐེངས་ལྔ་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་ ༡༢།༣༠ བར་སཾ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་སློབ་ཡོངས་དང་། ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡༢།༣༠ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཟབ་སྦྱོང་བཅས་ཀྱི་ནང་བགྲོ་གླེང་དང་གོ་རྟོགས་གང་ཐུབ་སྤེལ་ཐུབ་པ་བྱུང་ཡོད།
མཐའ་དོན་བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ཀྱིས་འདིར་གཏན་འབེབས་ཟིན་པའི་བརྡ་ཆད་དེ་དག་སྐབས་འབྲེལ་འཇུག་ཡུལ་སོ་སོར་གཅིག་གྱུར་བཀོལ་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་། ཡར་རྒྱས་ཡོང་ཐབས་སུ་མཉམ་རུབ་དང་རམ་འདེགས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས། །