ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༥ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་ཁག་བཞིའི་ཁོངས་སུ་ཡོད་པའི་ས་གནས་ཁག་ ༡༧ གྱི་ས་གནས་འགོ་འཛིན་དང་མི་མང་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༣༥ ལ་ཉིན་གྲངས་བཞིའི་རིང་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིར་མི་མང་མཉམ་ཞུགས་དགོས་གལ་གྱི་སྦྱོང་བརྡར་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྦྱོང་བརྡར་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཚབ་འཆི་མེད་རིག་འཛིན་ལགས་དང་། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས། ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས། ཟབ་ཁྲིད་པ་ Institute for participatory practices ཞེས་པའི་བསྟི་གནས་ཁང་གི་ཨ་ནིན་ཌོ་བྷ་ནར་ཇི་ Anindo Banerjee ལགས་དང་ལྕམ་ལྦི་ཇི་ཌ་ལག་ཤི་མི་ Vijeta Laxmi ལགས། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། མཚན་བྱང་ལ་གཟིགས་པའི་སྐབས་སུ་རྣམ་པ་ཚོས་མཁྱེན་ཀྱི་རེད། ཚིག་གཅིག་གི་ནང་གཅིག་བསྡུས་ཡར་རྒྱས་འཆར་གཞི་དང་གཞན་ཞིག་གི་ནང་ལ་གཟིགས་པ་ཡིན་ན་རང་འཚོ་ཐུབ་པའི་བོད་མིའི་གཞིས་སྒར་གོང་འཕེལ་ལས་གཞི། ཞེས་པའི་ཚིག་བྱང་འཁོད་ཡོད་པ་ནང་ནས་ཚོགས་བཅར་བ་རྣམས་ཀྱིས་གང་ཙམ་རྟོགས་ཐུབ་ཀྱི་རེད། འདས་པའི་ལོ་ངོ་ ༣༠ ལྷག་ཙམ་ནང་ལས་གཞི་བཞི་ཙམ་སྤེལ་ཚར་བ་རེད། ལས་གཞི་བཞི་ནི། གཅིག་བསྡུས་ཡར་རྒྱས་ལས་གཞི་རིམ་པ་དང་པོ་ནས་བཞི་པ་བར་ཟེར་གྱི་ཡོད། དེ་རིང་གི་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞིར་ཁྱད་པར་གཙོ་བོ་ནི་དེ་སྔོན་གཅིག་བསྡུས་ཡར་རྒྱས་ལས་གཞི་འདི་གང་ཙམ་ཚད་དང་ལྡན་པ་དང་། དེ་བཞིན་མི་མང་གི་མཉམ་ཞུགས་ཡག་པོ་ཡོད་པ། ས་གནས་གང་ས་ནས་ཐུན་མོང་གི་འཆར་གཞི་ཡོད་པ། དེ་བཞིན་དབུས་ཀྱི་ལས་ཁུངས་ཁག་ནས་ཀྱང་འཆར་གཞི་ཧ་ཅང་ཆེན་པོ་གཅིག་སྤུངས་ཡོད་ནའང་། སྐབས་དེར་ང་ཚོར་རོགས་དངུལ་མེད་པར་བརྟེན། གཅིག་བསྡུས་ཡར་རྒྱས་ལས་གཞི་དང་པོ་བཟོས་པའི་སྐབས་སུ་རོགས་དངུལ་བརྒྱ་ཆ་ ༤༠ དང་། གཉིས་པའི་སྐབས་སུ་བརྒྱ་ཆ་ ༤༨། གསུམ་པའི་སྐབས་སུ་བརྒྱ་ཆ་ ༦༠ ལྷག་ཙམ། བཞི་་པའི་སྐབས་བརྒྱ་ཆ་ ༦༨། དེ་ལྟར་རོགས་དངུལ་འཚོལ་ཐབས་མ་ཐུབ་པར་འཆར་གཞི་ཕྱེད་ཀ་ལྷག་ཙམ་ལག་བསྟར་ཐུབ་མེད།
ད་རེས་དུས་ཚོད་འདིའི་སྐབས་རོགས་དངུལ་དངོས་སུ་སོན་ཡོད། ལས་འཆར་ད་ལྟ་གཞི་ནས་བཟོ་གི་ཡོད། ད་རེས་ལས་འཆར་བཟོས་པའི་སྐབས་ལས་འཆར་འདི་ཉིད་ཚད་དང་ལྡན་པ་བྱུང་ན་རོགས་དངུལ་ཐོབ་རྒྱུར་དཀའ་ངལ་རྩ་བ་ཉིད་ནས་མེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་སྔོན་མའི་དུས་ཚོད་དང་ད་ལྟའི་དུས་ཚོད་དབར་ཁྱད་པར་ཧ་ཅང་ཕྱིན་ཡོད། མི་མང་གི་མངོན་འདོད་དང་སྤྱི་ཚོགས། དཔལ་འབྱོར་གྱི་གནས་སྟངས་བཅས་ལ་འགྱུར་བ་ཧ་ཅང་ཕྱིན་ཚར་ཡོད། དེར་བརྟེན་དུས་ཚོད་ནམ་ཡིན་ལ་སྤྱི་ཚོགས་ནང་འགྱུར་བ་ཆེན་པོ་ཕྱིན་པའི་སྐབས་རྒྱུན་དུ་འཛིན་སྐྱོང་གི་ལས་ཀ་དེ་ཚོ་གཅིག་པོས་འགྱུར་བ་འདིའི་མངོན་འདོད་ལག་བསྟར་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་མི་འདུག
རྒྱུན་གཏན་ང་ཚོས་ལོ་ལྟར་འཆར་གཞི་འབུལ་བཞིན་ཡོད། དུས་ཚོད་ནམ་ཡིན་ལ་སྤྱི་ཚོགས་གཅིག་གི་ནང་ལ་ལོ་གསུམ་ཡང་ན་ལོ་བཞི་ཡི་ནང་སྤྱི་ཚོགས་ཡོངས་ཀྱི་གནས་སྟངས་འགྱུར་བ་གང་དུ་ཕྱིན་འདུག ཁོང་ཚོའི་མངོན་འདོད་གང་འདྲ་ཆགས་འདུག ཅེས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག དེར་བརྟེན་སྤྱི་ཚོགས་ཡོངས་ཀྱིས་མཉམ་ཞུགས་བྱེད་པའི་སྐབས་ལ་གཙོ་བོ་གཅིག་ནི་སྒེར་གྱི་མངོན་འདོད་དང་སྤྱི་པའི་མངོན་འདོད་དབར་བར་ཁྱད་ཆེ་ཤོས་རེད། སྒེར་གྱི་མངོན་འདོད་སྒྲུབ་ཀྱི་ཡོད་པའི་ཐོག་ལ་སྤྱི་པའི་མངོན་འདོད་སྒྲུབ་དགོས་པའི་ལས་དོན་འགའ་ཤས་རྗེས་ལུས་ཐེབས་པ་དང་ལག་བསྟར་བྱེད་མ་ཐུབ་པ། ལག་བསྟར་བྱེད་པ་ཡིན་ནའང་རྒྱུན་གནས་མ་ཐུབ་པའི་གནས་སྟངས་ཆགས་འདུག ད་རེས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞི་དེ་སྔོན་དང་མི་འདྲ་བ་ཞེས་བསམ་བློ་གཏང་ཕྱོགས་ཐོག་ནས་ངས་ཚིག་འགའ་ཤས་ཤིག་ཞུས་པ་ཡིན། གནས་སྟངས་གང་འདྲ་ཆགས་མིན་ཟབ་སྦྱོང་ཉིན་གྲངས་བཞིའི་སྐབས་ཡོང་གི་རེད། ང་ཚོས་བསམ་བློ་གང་གཏོང་དགོས་འདུག་ཞུས་པ་ཡིན་ན་ད་རེས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞིའི་ཐོག་འགྲོ་གྲོན་གང་འདྲ་གཏང་བ་ཡིན་ནའང་འགྲོ་གྲོན་གྱི་གཞི་རིམ་དགོས་ཀྱི་རེད། ལམ་བཟོ་རྒྱུ་དང་གློག་བཟོ་རྒྱུ་སོགས་ཀྱི་མཐུན་རྐྱེན་སྦྱར་དགོས་ཀྱི་རེད། འོན་ཀྱང་དེ་འདྲ་གཅིག་པོ་མ་ལྟོས་པར་གཅིག་བསྡུས་ཟེར་བ་དེར་བསམ་བློ་ཤུགས་ཆེན་པོ་གཅིག་གཏང་དགོས་ཀྱི་འདུག གཅིག་བསྡུས་ཟེར་བ་ནི་ས་གནས་སོ་སོ་ཡིན་ནའང་རེད། ཁྱོན་ཡོངས་ཀྱི་ས་ཁུལ་ཡོངས་རྫོགས་ཡིན་ནའང་རེད། ལས་ཀ་བང་རིམ་བྱས་ནས་བརྒྱ་ཕྲག་ཡོད་ནའང་དེ་ནང་ནས་གནད་འགག་ཆེ་ཤོས་ཤིག་ཡོད་དགོས་ཀྱི་རེད། གནད་འགག་དེ་སྔོན་ལ་མ་བྱས་ནས་ལས་དོན་གཞན་ཁག་སྒྲུབ་ཐུབ་ཀྱི་ཡོད་མ་རེད། དེར་ལས་དོན་གྱི་འཆར་འགོད་ནང་ལ་གང་ཟེར་གྱི་ཡོད་རེད་ཅེས་ན་ཐབས་བྱུས་འཚོལ་རྒྱུ་ཟེར། དེའི་གལ་ཆེ་ཆུང་རྟོགས་མ་ཐུབ་པ་ཡིན་ན་ལས་དོན་སྒྲུབ་རྒྱུ་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་ནས་ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་ང་ཚོ་འདིར་འཛོམས་དགོས་དོན་ནི། རྣམ་པ་ཚོས་འབྱུང་འགྱུར་ཨ་རིའི་རོགས་ཚོགས་ USAID ཀྱི་ལས་འཆར་བཟོ་བའི་སྐབས་སུ། རྣམ་པ་ཚོ་ཚང་མས་ས་གནས་སོ་སོར་དགོས་མཁོ་ལ་དཔགས་པའི་གནས་སྟངས་ཞིབ་འཇུག་གནང་སྟངས་གང་འདྲ་ཡིན་པ་འདིའི་སྐོར་སྦྱོང་བརྡར་འབུལ་རྒྱུ་རེད། སྦྱོང་བརྡར་གཞིར་བཟུང་ས་གནས་སོ་སོའི་ཞིང་པ་དང་། ཆོང་པ། གྲྭ་བཙུན། སློབ་མཚམས་བཞག་ཏེ་བར་ལྡིང་དུ་ལུས་པ། ས་གནས་གཞོན་ནུ་དང་བུད་མེད་ལ་སོགས་པ་ཆ་ཤས་བླང་མཁན་སུ་ཡོད་པ་ཡིན་ནའང་ཁོང་ཚོའི་བསམ་ཚུལ་གང་ཡོད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་གང་ཡོད་པ་ཁག་དང་། སྤྱི་བར་ཕན་པའི་ལས་འཆར་ཐོག་ནས་མ་འོངས་པར་ Participatory needs assessment (PNA) བྱེད་ཀྱི་རེད། ད་ལྟ་ལམ་སང་ལས་འཆར་བཟོ་རྒྱུ་དེ་འདྲ་མ་རེད། ལས་འཆར་འདི་ཐོག་མར་གཞིས་ཆགས་བཞི་གདམ་གྱི་རེད། གཞིས་ཆགས་མ་འདེམ་སྔོན་རྣམ་པ་ཚོ་ཕར་ཕེབས་ནས་ས་གནས་སུ་དགོས་མཁོ་གང་ཡོད་མེད་སྐོར་བཀའ་མོལ་གནང་ཟིན་རྗེས་དགོས་མཁོ་གང་ཡོད་པ་དེ་དག་ལས་འཆར་བཟོ་ནས་དབུས་སུ་འབུལ་དགོས་ཀྱི་ཡོད། དབུས་སུ་མཁས་ལས་པའི་སྡེ་ཚན་ཞིག་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན། འཆར་འགོད་འགན་འཛིན། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བཅས་ཀྱི་ཚོགས་ཆུང་བཙུགས་ཏེ་འཆར་གཞི་གང་བཟང་བ་ཡོད་པ་དེའི་ནང་ནས་གཞིས་ཆགས་ཁག་བཞི་གདམ་རྒྱུ་རེད། གཞིས་ཆགས་ཁག་བཞིའི་ནང་ནས་གསུམ་རྒྱ་གར་ནང་དང་གཅིག་བལ་ཡུལ་ནང་ནས་གདམ་རྒྱུ་རེད། ལོ་ལྔའི་ནང་བཞི་ལྔ་ཉི་ཤུ་ཐམས་པ་ཆགས་ཀྱི་ཡོད་ན་རེད། ལྔ་ལྔ་ཉི་ཤུ་རྩ་ལྔ་ཆགས་ཀྱི་ཡོད་ན། དེ་ལྟར་དགོས་མཁོ་གཞི་བཟུང་སྐབས་དེ་དུས་ཨ་རིའི་རོགས་ཚོགས་ཀྱི་དངུལ་ག་ཚོད་ལྷག་གི་ཡོད་པ་དེ་ལ་དཔགས་པའི་ལས་གཞི་རིམ་པས་སྤེལ་གྱི་རེད་དྲན་གྱི་འདུག
སྐབས་བབ་ཨ་རིའི་རོགས་ཚོགས་ནས་ནང་སྲིད་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པའི་ལས་འཆར་ཆེ་ཆུང་ཁག་ལྔ་ཙམ་ཡོད། གཙོ་བོ་གཅིག་ནི་གཞིས་ཆགས་ཁག་གི་འཚོ་གནས་ཡར་རྒྱས་རྒྱུན་གནས་ཐུབ་པ་བཟོ་རྒྱུའི་ཐོག་དམིགས་སུ་བཀར་ནས་ཚོགས་འདུ་ཚོགས་བཞིན་པ་འདི་རེད།གཞན་ཁག་ནི། མི་མང་གི་གྲངས་ཐོ་བསྡུ་རྒྱུ་ཞིག་ཡོད། འདི་གཙོ་བོ་ནང་སྲིད་ལས་ཁུངས་ནས་འགན་འཁུར་བའི་ཐོག་ས་གནས་འགོ་འཛིན་རྣམ་པས་ཕྱག་ལས་གནང་དགོས་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། དེ་བཞིན་ན་གཞོན་རོགས་སྐྱོར་གྱི་ལས་གཞི་ཡར་རྒྱས་གཏང་རྒྱུ་དང་། སོ་ནམ་གྱི་ལས་གཞི། བུད་མེད་ནུས་སྟོབས་ཀྱི་ལས་འཆར་བཅས་ཡོད།
ད་རེས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་བཞིའི་རྣམ་པ་ཚོར་ཟབ་སྦྱོང་གནང་བཞིན་པ་ལྟར། ས་ལུ་སྒར་ས་གནས་སུ་རྒྱ་གར་བྱང་ཤར་དང་བལ་ཡུལ། འབྲུག་བཅས་ཀྱི་འབྲེལ་ཡོད་རྣམ་པ་དང་། སྦེལ་ཀོབ་གཞིས་ཆགས་སུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་དབུས་གསུམ་བཅས་ལ་གོ་སྒྲིག་ཞུ་དགོས་དོན་དམིགས་ཡུལ་གཙོ་བོ་ནི། ཨ་རིའི་རོགས་ཚོགས་ཀྱི་རོགས་དངུལ་ཡོད་པའི་ཁྱབ་བསྒྲགས་རྒྱ་ཆེན་པོ་ཕྱིན་སྟབས། འགའ་ཤས་ལ་རོགས་དངུལ་ཐོབ་མ་ཐོབ་དང་། ཚུད་མ་ཚུད་ཡོང་བའི་སྐབས་གནས་ཚུལ་ཚང་མར་མ་གོ་མ་ཐོས་མེད་པའི་ཆེད་རེད། གཉིས་པ་ནི། རྣམ་པ་ཚོ་ཚང་མས་མ་འོངས་པར་ལས་འཆར་བཟོ་བའི་སྐབས་མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་གཞི་བཟུང་འཆར་གཞི་སྒྲིག་རྒྱུར་དགོངས་པ་བཞེས་དགོས་རྒྱུ་གཙོ་བོ་རྩི་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །