༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལྡན་ཟླ་རེའི་ཚོགས་འདུ་དེ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༥ ཉིན་ཚོགས་འདུག སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མཱན་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཤ་བྷ་སོ་གྷོར་ Csaba Sogor མཆོག་དང་། སི་ཀོ་ཊི་ཀ་ཊོ་ Scott-Cato མཆོག ཏུ་ནི་ཀེ་ལམ་ Tunne Kelam མཆོག སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ཁྱོན་མི་གྲངས་ ༢༥ མཉམ་ཞུགས་གནང་ཡོད།
ཚོགས་འདུར་རིང་མིན་ཡུ་རོབ་སྤྱི་མཐུན་དང་ཡུ་རོབ་གྲོས་ཚོགས་ཀྱི་ལས་འཆར་ཁག་གི་ཐོག་བཀའ་བསྡུར་གཏན་འབེབས་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ལ་བོད་དོན་དང་འབྲེལ་བའི་ལས་འཆར་སྐོར་གསུང་རྒྱུའི་གོ་སྐབས་གནང་སྐབས་ཁོང་གིས་ཐོག་མར་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་དྲན་གསོ་དང་སྦྲགས། ཁོང་སྐུ་གཟུགས་གསལ་ཐང་ཡིན་པའི་སྨོན་འདུན་ཞུ་རོགས་ཞེས་རེ་སྐུལ་ཡང་ཞུས་འདུག
ལྷག་པར་བཞུགས་སྒར་དུ་ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བརྒྱད་ཕྱི་ཟླ་ ༥ ཚེས་ ༢༡ ནས་ ༢༦ བར་ཕེབས་གཏན་འཁེལ་ཐུབ་པ་བྱུང་བ་མ་ཟད། ཕྱི་ཟླ་ ༥ ཚེས་ ༢ ནས་ ༣ བར་སུད་སི་བོད་མི་ཁག་གཅིག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་གྲོས་ཚོགས་ཀྱི་མདུན་དུ་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས།
སྔར་ལམ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཚེས་ཕྱི་ཟླ་ ༦ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་གཏན་འཁེལ་གནང་བ་དང་། ཚོགས་འདུའི་མཐའ་དོན་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་ ༩ ཚེས་ ༡༨ ནས་ ༢༤ བར་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་རྒྱུ་ལས་འཆར་ནང་བང་སྒྲིག་ནས་ལས་གཞི་དེ་སྐུ་ཚབ་དོན་ཁང་གིས་མཇུག་སྣོན་གནང་རྒྱུ་དང་། མི་འགྲོ་ཁག་གཅིག་གི་མཚན་གཞུང་ཡང་གཏན་འབེབས་ཟིན་འདུག
གཞན་ཡང་སྐུ་ཚབ་དོན་གཅོད་ཀྱིས་སྐབས་དེར་ཁོང་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཤ་བྷ་སོ་གྷོར་མཆོག་རྣམ་གཉིས་ཉེ་ཆར་རོ་མ་ནི་ཡའི་ Romania ཁུལ་དུ་འཚམས་གཟིགས་ཕེབས་སྐོར་ལས་བསྡོམས་སྙན་གསེང་ཞུས་འདུག་པ་བཅས།།