ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་རྡ་ས་གངས་སྐྱིད་དུ་ཡོད་པའི་བདེ་ལེགས་སྨན་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང། རྡ་ས་བདེ་ལེགས་སྨན་ཁང་། ཇོ་ཧན་ཧོཔ་ཀིན་མཐོ་སློབ་ John Hopkin University བཅས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིའི་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་རྩ་འགོག་དང་། དེ་བཞིན་སྔོན་འགོག་དང་འབྲེལ་བའི་ཚོགས་འདུ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས། བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། རྡ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་རྡོ་རྗེ་ལགས། ཤེས་ཡོན་འགན་འཛིན་བསོད་ནམས་སྲིད་ཆོས་ལགས། སྃམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་འགན་འཛིན་སྨན་པ་བློ་བཟང་ལགས། རྡ་སྟེང་བོད་ཁྱིམ་གྱི་སྨན་པ་ཆུང་བདག་ལགས། བོད་ཁྱིམ་གྱི་སློབ་སྤྱི་ཁག་གཅིག་དང་སློབ་གྲྭ་ཁག་གི་སྨན་ཞབས་པ། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་རྩ་འགོག་གཏང་རྒྱུའི་ལས་འཆར་ཞིག་སྤེལ་བ་རེད། སྤྱིར་བཏང་བདེ་ལེགས་སྨན་ཁང་ནས་ཀྲི་སྦི་ནད་གཞིའི་ཐོག་ཕྱི་ལོ་ ༡༩༨༠ ཙམ་ནས་འབད་བརྩོན་ཞུས་ཡོད།
དེ་རིང་གི་ལས་འཆར་འདི་ཏོག་ཙམ་མི་འདྲ་བ་ཡིན་པའི་ཐོག་འབྲེལ་ཡོད་སྡེ་ཚན་སོ་སོ་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་དགོས་པའི་ཐོག་རྣམ་པ་ཚོ་གདན་འདྲེན་ཞུས་ཡོད། ང་ཚོས་ལས་འཆར་འདིའི་ཐོག་རུ་ངར་ཆེན་པོའི་ཐོག་ནས་བྱེད་རྒྱུའི་གདེང་སྤོབས་འདི་སྨན་པ་ཚེ་བརྟན་རྡོ་རྗེ་བདེ་ལེགས་སྨན་ཁང་ལ་ཕྱག་ལས་གནང་ནས་ལོ་ངོ་སུམ་ཅུ་སོ་གྲངས་ཤིག་ཆགས་བཞིན་ཡོད། ཁོང་གི་སྨན་པའི་ཁྱད་ལས་གཙོ་བོ་གཅིག་ནི་ཀྲི་སྦི་ཐོག་ལ་རེད། ཡང་སྒོས་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་འགན་འཛིན་དང་སྐུའི་བླ་སྨན་པ་རེད། དེ་འདྲའི་ཉམས་མྱོང་དང་ཁྱད་ལས། དེ་བཞིན་འདིར་ཕེབས་པའི་སྨན་པ་ཚང་མའི་ངོས་ནས་ཉམས་མྱོང་ཕྲན་བུ་ཞིག་གི་ཐོག་ནུས་པ་ཤུགས་ཆེན་པོ་ཞིག་སྟོན་ཐུབ་པའི་གདེང་ཚོད་ཡོད། ཅེས་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་བརྙན་ཐུང་བརྒྱུད་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་རྩ་འགོག་དང་འབྱུང་འགྱུར་ཟླ་འདིའི་ཕྱི་ཚེས་ ༥ ནས་རྡ་ཤོད་བོད་ཁྱིམ་ནས་འགོ་འཛུགས་ཀྱིས་རྡ་སའི་ཉེ་འཁོར་གྱི་གཏན་ཉིན་སློབ་གྲྭ་ཁག་ནང་ཀྲི་སྦི་ནད་གཞི་སྔོན་འགོག་དང་རྩ་འགོག་གི་ལས་འཆར་སྤེལ་རྒྱུ་དང་། དེ་ནས་རིམ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་སློབ་གྲྭ་ཁག་ཏུ་ལས་འཆར་སྤེལ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུའི་བླ་སྨན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཀྲི་སྦི་ནད་གཞི་དང་འབྲེལ་རྒྱབ་ལྗོངས་ལོ་རྒྱུས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གསུང་བཤད་གནང་དོན། ཁ་སང་ཇོ་ཧན་ཧོཔ་ཀིན་མཐོ་སློབ་ཀྱི་སྨན་པ་དང་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་བཅས་འཕྲོད་བསྟེན་ལས་ཁུངས་ལ་ཕེབས་ནས་ལས་གཞི་འདི་ཉིད་ངོ་སྤྲོད་འགྲེལ་བརྗོད་གནང་བ་རེད། སྐབས་དེར་འགྲེལ་བརྗོད་གནང་བའི་སྐབས་ངའི་འཚོར་སྣང་ལ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ལས་གཞི་རླབས་ཆེན་ཞིག་དབུ་འཛུགས་གནང་རྒྱུ་རེད་འདུག ཅེས་པའི་ཚོར་སྣང་ཤུགས་ཆེན་པོ་བྱུང་། ལྷག་པར་རྒྱ་གར་ནང་གནས་པའི་བཙན་བྱོལ་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་དཀའ་ངལ་ཆེ་ཤོས་འདི་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་གདོང་ལེན་བྱེད་དགོས་རྒྱུ་དང་སྤྱི་ཚོགས་ནང་ལ་དཀའ་ངལ་ཆེ་ཤོས་ནི་ཀྲི་སྦི་ནད་གཞི་ཆགས་བཞིན་ཡོད། འཕྲོད་བསྟེན་ལས་ཁུངས་ནས་ཐོག་མར་ཕྱི་ལོ་ ༡༩༨༠ ནས་ TB Control Programme ཅེས་པའི་ལས་གཞི་གཅིག་དབུ་འཛུགས་གནང་ནས་འགྲོ་བཞིན་པའི་རང་བཞིན་ཞིག་ཆགས་འདུག འདས་པའི་བརྒྱུད་རིམ་ལ་ཕྱི་མིག་གཅིག་བལྟས་པ་ཡིན་ན་ཕྱི་ལོ་ ༡༩༩༨ ནང་ལ་འཕྲོད་བསྟེན་ལས་ཁུངས་ལ་ Aus AID རོགས་ཚོགས་ཀྱི་ཕྱག་དངུལ་གནང་ནས་ཁྱད་ལས་པའི་ཞིབ་འཇུག་གནང་སྟེ་སྙན་ཐོ་ཞིག་བཏོན་གནང་ཡོད།
སྙན་ཐོ་འདིའི་ནང་ལ་གཟིགས་པ་ཡིན་ན་ལོ་གསུམ་ཙམ་གྱི་གྲངས་ཐོ་ཕྱོགས་བསྡུས་གནང་ནས་མུ་མཐུད་དེ་གཙོ་བོ་ལྷོ་ཕྱོགས་གཞིས་ཆགས་ཁག་དེ་དག་གནང་ཡོད། ལོ་གསུམ་གྱི་གྲངས་ཐོ་བསྡུ་རུབ་གནང་ནས་མུ་མཐུད་འཕྲོད་ལས་པ་ཚོར་སྦྱོང་བརྡར་དང་གྲངས་ཐོ་བསྡུ་རུབ་གནང་། འཕྲོད་བསྟེན་སྤྱི་ཡོངས་ཀྱི་གནས་སྟངས་གཟིགས་རྒྱུ་དང་། ལྷག་པར་སྐབས་དེའི་མི་འབོར་གང་འདྲ་ཡོད་མེད། འཕྲོད་བསྟེན་གྱི་ཚད་གཞི་མཇལ་ས་གཙོ་བོ་ནི་ས་གནས་ཀྱི་མི་འབོར་ཡིན་དུས་མི་འབོར་དང་ཆབས་ཅིག་འཕྲོད་བསྟེན་གྱི་གནས་སྟངས་ཞིབ་འཇུག་གནང་རྒྱུའི་ཆེད་དུ་ལས་གཞི་གཅིག་འགོ་འཛུགས། དེ་ནས་ཕྱི་ལོ་ ༡༩༩༨ ལོར་སྙན་ཐོ་འདི་བཏོན་གནང་བ་རེད། སྙན་ཐོ་འདིའི་ནང་ལ་བལྟས་ཡོང་དུས་ད་ལྟ་གོང་དུ་གསུངས་པ་ནང་བཞིན་རེད། སྤྱིར་བཏང་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་ཀྱང་། དེའི་ནང་ནས་ཤུགས་ཆེ་ཤོས་ཀྲི་སྦི་ཆགས་བསྡད་ཡོད། དེ་ནས་ཀྲི་སྦི་ནད་གཞི་འདི་སུ་ལ་འདུག་ཅེས་ཞུས་པ་ཡིན་ན་སློབ་གྲྭའི་སློབ་ཕྲུག་རྣམ་པ་རེད། དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་རེད། སྐབས་དེ་དུས་འཚོ་བའི་ནང་ལ་བལྟས་ཡོང་དུས་སུད་ཚོང་ཚོ་དགུན་ཚོང་ལ་ཕེབས། དབྱར་ཁ་སོ་སོའི་གཞིས་ཆགས་ལ་ཞིང་ལས་གནང་བསྡད་མཁན་དེ་དག་གྲངས་ཀ་མཐོ་ཤོས་ཤིག་ཆགས་བསྡད་འདུག དེ་དག་གི་གནས་སྟངས་གང་ཙམ་མཐོ་པོ་ཆགས་ནས་སྙན་ཐོ་དེར་གཞི་བཞག་པའི་ཐོག་འཕྲོད་བསྟེན་ལས་ཁུངས་ནས་གང་གནང་འདུག་ཞུས་ནས་ཀྲི་སྦི་ཐོག་ལ་དམིགས་བསལ་ཤུགས་གཅིག་བསྐྱོན། ཚན་པ་ཟུར་དུ་བཙུགས་ནས་ལས་བྱེད་འཕར་མ་བསྐོ་གཞག་གནང་། ལྷག་པར་སྨན་པ་ཡོད་པ་ཡིན་ན་སྨན་པའི་ལམ་སྟོན་འོག་ཀྲི་སྦི་ནད་གཞི་ཐོག་ལ་ལས་གཞི་གང་ཙམ་སྤེལ་འདུག དཔེར་ན་ལས་གཞི་དབྱེ་བ་ཕྱེ་སྟངས་འདི་ཀྲི་སྦི་སྔོན་འགོག་གང་ཙམ་གནང་བཞིན་འདུག རྒྱལ་སྤྱིའི་ཀྲི་སྦི་ཉིན་མོ་སྲུང་བརྩི་ཞུ་བ་དང་སྦྲགས་རྒྱུན་དུ་ཀྲི་སྦི་སྔོན་འགོག་གི་ལས་གཞི་གཅིག་སྤེལ་བཞིན་ཡོད། བརྟག་དཔྱད་ཞུ་ཡི་ཡོད་རེད། དེ་བཞིན་སྨན་གྱི་སྨན་གྲོན་གྱི་རོགས་སྐྱོར་གང་ཐུབ་ཞུས་པ་སོགས་གནང་འདུག དེ་བཞིན་ལས་བྱེད་ཚོར་སྦྱོང་བརྡར་དང་ཡང་ནས་ཡང་དུ་ལས་འགུལ་སྤེལ་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ད་རེས་ཀྱི་ལས་འཆར་འདི་འགན་འཛིན་མཆོག་གིས་བྱེད་སྟངས་དེ་ཡང་མི་འདྲ་བ་ཡིན་ཅེས་གསུངས་སོང་། ལས་འཆར་འདི་ཉིད་དམིགས་བསལ་ཆགས་བཞིན་ཡོད་ཅེས་གསུངས་ཡོང་དུས་ང་དེ་རིང་འདིར་སྐད་ཆ་བཤད་དུ་ཡོང་རོགས་ཞེས་གསུངས་པའི་སྐབས་ལ་སེམས་ནང་ལ་དངོས་གནས་སྤོབས་པ་སྐྱེ་འོས་པ་ཞིག ལས་འཆར་འདི་སྙིང་སྟོབས་དང་ལྡན་པ་ཆགས་པ་བསམ་བྱུང་། ད་ལྟ་གོང་དུ་སྨན་པ་དཀོན་མཆོག་ལགས་ཀྱིས་བརྙན་ཐུང་དེའི་ནང་ལ་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་འདིས་ངའི་ལས་ཀ་ཉུང་དུ་ཕྱིན་སོང་། གོང་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་བ་དེས་མ་བསྡུས་པ་གཅིག་ཀྱང་མི་འདུག་བསམ་པ་བྱུང་། འོན་ཀྱང་ངས་གནས་ཚུལ་ལྟ་བུ་ཚིག་གཅིག་གཉིས་ཤིག་ཞུས་པ་ཡིན་ན། ད་རེས་ང་ཚོའི་ལས་འཆར་འདི་བདེ་ལེགས་སྨན་ཁང་གི་འཆར་གཞི་ནང་ལ་ཧི་མཱ་ཅལ་ནང་ལ་ཡོད་པའི་སློབ་གྲྭ་ནས་འགོ་བཙུགས་ཏེ་་སློབ་ཕྲུག་ཚོའི་ནང་ལ་བློ་ནད་འདི་མཐར་སྤྲོད་གཏང་རྒྱུའི་ལས་འགུལ་ཞིག་སྤེལ་གི་ཡིན་གསུངས་པ་རེད། ད་དུང་ངས་འདིའི་སྒང་ལ་དུས་ཚོད་གཅིག་འཇོག་རྒྱུ་བྱུང་ན་བསམ་པ་དྲན་སོང་།
གོང་དུ་ཞུས་པ་ནང་བཞིན་ལོ་གསུམ་མམ་ལོ་ལྔའི་ནང་ཀྲི་སྦི་ནད་གཞི་རྩ་མེད་གཏོང་རྒྱུ་ལྟ་བུ་བྱུང་བ་ཡིན་ན། ཚད་ཟིན་ནས་ཤུགས་རྒྱག་ས་འདུག་བསམ་པ་ལྟ་བུ། ཕྲུ་གུའི་ཐོག་ལ་ལས་འཆར་དགོངས་པ་བཞེས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག ཤེས་ཡོན་ཐོག་ལ་ཤེས་རིག་ལས་ཁུངས་ནས་བྱེད་བཞིན་ཡོད་ནའང་ལུས་དང་ཤེས་ཡོན་གཉིས་པོ་འདི་རྟེན་དང་བརྟེན་པ་ལྟ་བུ་རེད་འདུག དེ་འདྲ་ཡིན་དུས་རྟེན་འདི་ཡག་པོ་མེད་ན་དེའི་ནང་གི་བསྡད་མཁན་འདི་ཡག་པོ་ཡོང་གི་མ་རེད། ༧གོང་ས་མཆོག་གིས་གསུངས་པ་ལྟར་མི་རབས་གཅིག་གི་འཐབ་བརྩོད་མ་རེད། མི་རིགས་གཅིག་གི་འཐབ་བརྩོད་རེད། དེ་མུ་མཐུད་ནས་བྱེད་དགོས་རེད། མ་འོངས་པའི་མི་རབས་དེ་ཚོ་སློབ་སྦྱོང་ཡག་པོ་ཡོད་ནའང་ནད་པ་ལྟ་བུ་ཡིན་ན་གང་འདྲ་བྱས་ནས་འཐབ་བརྩོད་བྱེད་དགོས་རེད། དཔེར་ན་ཀྲི་སྦི་བློ་ནད་ཀྱི་ནད་གཞི་འདི་༧གོང་ས་མཆོག་གིས་གསུངས་པ་ནང་བཞིན་གཙང་མ་བཟོ་ཐུབ་རྒྱུ་རེད་འདུག དེ་འདྲ་ཡིན་དུས་ང་ཚོས་སྙིང་སྟོབས་གཅིག་བླང་དགོས་ཀྱི་འདུག བྱེད་ཐུབ་རྒྱུ་ཡོད་པ་ཞིག་མཐུན་རྐྱེན་གྱིས་མ་འདང་ན་ང་ཚོས་འཐབ་འཛིང་བྱེད་དགོས་རེད། གྲ་སྒྲིག་བྱེད་སྟངས་ཐོག་ནས་མ་འགྲིག་པ་རྣམས་ལ་ང་ཚོས་འབད་བརྩོན་བྱེད་དགོས་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ། །