ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་ཁོངས་སུ་ཡོད་པའི་ཧར་པཏ་པུར་ས་གནས་འགོ་འཛིན་ཁྱབ་ཁོངས་ལ་ཁན་ཝ་ལ་དང་། ཁེ་ར། བ་ལུ་ཝ་ལ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་སྐབས་ཐོག་མར་བོད་མིའི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། སློབ་གྲྭའི་སློབ་སྤྱི། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པའི་ཚོགས་གཙོ། མི་མང་བཅས་ནས་ལག་ཏུ་མཇལ་དར་དང་མེ་ཏོག་སོགས་ཐོགས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་རྗེས་བཀའ་བློན་མཆོག་གིས་མི་མང་ལ་བཀའ་ཤག་སྐབས་ ༡༥ ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར་དང་། ༧རྒྱལ་བའི་སྐུ་ཕྱྭ། བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱ་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་ཞི་མོལ། ཤེས་རིག་སློབ་ཡོན། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་འཆར་སུད་ཚོང་བོད་མིའི་བུན་གཏོང་ལས་གཞི་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་མི་མང་གིས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་དང་། ཁུལ་དེར་ཡོད་པའི་དགོན་པ་དང་སློབ་གྲྭ། རྒས་གསོ་ཀང་བཅས་ལ་གཟིགས་སྐོར་དང་། བ་ལུ་ཝ་ལབོད་མིའི་གཞིས་ཆགས་ཀྱི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་བཅས་ཡོད་པའི་ཁང་པ་གསར་རྒྱག་ཟིན་པར་དབུ་འབྱེད་གནང་།
དེ་བཞིན་ཕྱི་ཚེས་ ༡༣ ཉིན་གླིང་ཚང་གཞིས་ཆགས་དང་། ཀ་ལ་མན་ཀྲོན་དོན་གྲུབ་གླིང་། རཇ་པུར་བུད་མེད་བཟོ་གྲྭ དེ་བཞིན་ཁུལ་དེར་ཡོད་པའི་དགོན་སྡེ་དང་། སློབ་གྲྭ་ཁག་བཅས་ལ་གཟིགས་སྐོར་དང་གོང་བཞིན་མི་མང་ལ་གསུང་བཤད་དང་དྲི་བར་ལན་འདེབས་གསལ་བཤད་གནང་བར་གོང་གསལ་གཞིས་སྒར་ཁག་གི་མི་མང་ནས་དགའ་མོས་ཆེན་པོ་གནང་ཡོད་པ་བཅས།།