༢༠༡༧ ཟླ་ ༤ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་མི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས་བཅས་ཀྱིས་ཉི་ཧོང་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ Foreign Correspondents’ Club ཞེས་པར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསུང་དོན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་འཛམ་གླིང་ནང་བཙོན་པ་ལོ་ན་ཆུང་ཤོས་ཡིན་པ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བའི་འབོད་སྐུལ་རབ་དང་རིམ་པ་ཞུས་ཀྱང་། རྒྱ་ནག་གི་དཔོན་རིགས་ཚོས་འབོད་སྐུལ་དེ་དག་སྣང་མེད་དུ་བཏང་ནས་ད་བར་ཡ་ལན་རྩ་བ་ནས་བྱེད་མེད། དེ་རིང་ཆུང་སྲིད་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་ཡོད་པ་དང་། ཁོང་ད་བར་གར་སོང་ཆ་མེད་ཀྱི་གནས་སུ་གྱུར་བར་བརྟེན་ང་ཚོ་བོད་མི་ཚོར་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད་ཁོང་མགྱོགས་མྱུར་གློད་བཀྲོལ་ཡོང་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་ནག་གཞུང་གིས་ངོས་འཛིན་དང་བསྐོ་གཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བ་ཁོ་པ་ཚོས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་བཞིན་ཡོད་པ་ནི་དཔེར་ན། ཉེ་ལམ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་ནས་བོད་མི་ཚོར་རྒྱལ་མཚན་ནོར་བུའི་སར་ནས་དུས་འཁོར་དབང་ཆེན་ཞུ་བཅུག་ཡོད། ལྷག་པར་རྒྱལ་མཚན་ནོར་བུ་ལ་རྒྱ་ནག་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཐོག་ཤར་བསྐྱོད་བྱེད་དགོས་པའི་སློབ་གསོ་སྤྲོད་བཞིན་ཡོད། ཅེས་གསུངས།
སྐབས་དེར་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་བརྒྱུད་ལམ་འབྲེལ་མཐུད་ལས་རོགས་ལྕམ་སྐུ་ Chong Hyon Suk ལགས་ཀྱིས་ད་ལྟ་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་། བོད་བརྒྱུད་ནང་བསྟན་ནང་ཁོང་གི་མཛད་འགན་གཙོ་བོ་གང་ཡིན་སྐོར་འདྲི་རྩད་གནང་བ་དང་སྦྲགས། ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་ཐེངས་མང་བསྐྱངས་མྱོང་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ལ་ཚོགས་པ་དེའི་ཚོགས་མི་རྣམ་པས་དགའ་མོས་ཆེན་པོ་ཞུ་བཞིན་ཡོད་སྐོར་གསུངས།
དེ་རྗེས་སྤྱི་འཐུས་རྣམ་པས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་དུ་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས་གསུང་དོན།
ཉི་ཧོང་བ་ཚོས་དཀའ་ངལ་ལ་གདོང་ལེན་ཆེན་པོ་གནང་བ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་གནད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད། ཁྱེད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེས་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་མཚོན་བཞིན་ཡོད། ང་ཚོས་ཁྱེད་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་ཐོག་མུ་མཐུད་འཛམ་གླིང་ཞི་བདེ་གོང་འཕེལ་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམ་པས་བོད་མིའི་སྐུ་ཚབ་རྣམས་དང་ལྷན་འབྱུང་འགྱུར་བོད་ཀྱི་གནད་དོན་ཐོག་མཉམ་རུབ་ཀྱི་ནུས་པ་སྲ་བརྟན་ཇི་ལྟར་གཏོང་དགོས་མིན་ཐད་གོ་བསྡུར་གཏིང་ཟབ་གནང་བ་དང་། ཉི་ཧོང་དང་བོད་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་ཡོད་ཙམ་མ་ཟད། ད་ལྟ་མི་རིགས་གཉིས་དབར་འབྲེལ་ལམ་བཟང་པོ་ཡོད་པ་དེ་དག་སྲུང་བརྩི་ཞུས་པ་བརྒྱུད། འབྱུང་འགྱུར་བོད་མི་དང་ཉི་ཧོང་མི་རབས་གསར་པ་ཚོར་བརྒྱུད་སྤྲོད་བྱེད་ཐུབ་པ་དགོས་རྒྱུ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པ་སོགས་ཀྱི་ཐོག་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་འདུག
ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་རྣམ་པ་ཉི་ཧོང་གྲོས་ཚོགས་སུ་ཕེབས་ཏེ་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། དེ་རྗེས་ཡུལ་དེའི་རྒྱལ་ཡོངས་སློབ་སྟོན་ཚོགས་ཆུང་ Institute of National Fundamentals གི་ཚོགས་གཙོ་དང་། ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ལྕམ་སྐུ་ས་ཀུ་ར་ཡི་ཡོ་ཤི་ཀོ་ Ms Sakurai Yoshiko མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག །