༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ནས་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཚབ་འཆི་མེད་རིག་འཛིན་ལགས་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་མཉམ་འབྲེལ་བློན་ཆེན་ཚེ་དབང་རྡོ་རྗེ་མཆོག་རྣམ་གཉིས་བརྒྱུད། རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་དེ་མགྱོགས་མྱུར་མངའ་སྡེའི་ནང་ཕྱག་བསྟར་གནང་ཐབས་དང་།
མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཆེད་ཕེབས་ཡོད་འདུག ཐེངས་འདིར་ནང་སྲིད་དྲུང་ཚབ་དང་ལྷན་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས་དང་། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ལ་སྤྱི་བཅས་ལྷན་བཅར་ཞུས་འདུག
དེ་ཡང་ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསོད་ནམས་ཟླ་བ་མཆོག་དང་། རྫོང་དཔོན་སྐུ་ཞབས་པྲ་ས་ནནཱ་རཱ་མཱ་སྭ་མི་ Prasanna Ramaswamy མཆོག མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨར་ཀེ་གྷོ་ཡལ་ R.K Goyal མཆོག་དང་མཇལ་འཕྲད་ཀྱང་ཞུས་ཡོད་པ་མ་ཟད། མངའ་སྡེའི་འབྲེལ་ཡོད་བློན་ཆེན་དང་མངའ་སྡེའི་འབྲེལ་ཡོད་དཔོན་རིགས་རྣམས་དང་ལྷན་ཚོགས་འདུའི་སྐབས་ལ་དྭགས་ཁུལ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་ཁག་གི་ཐོག་གླེང་སློང་གནང་བ་དང་འབྲེལ། རྒྱ་གར་དབུས་གཞུང་ནས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཞིར་བཞག་ཐོག་མངའ་སྡེའི་ནང་དེ་མཚུངས་ལག་བསྟར་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་མ་ཟད། གནད་དོན་དེའི་སྐོར་མངའ་སྡེའི་མཉམ་འབྲེལ་བློན་ཆེན་ཚེ་དབང་རྡོ་རྗེ་མཆོག་བརྒྱུད་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྙན་སེང་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད།།