༢༠༡༧ ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་འབྱོར་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཀའ་བློན་རྣམ་པ་ཕྱོགས་མཐའི་གཞིས་ཆགས་ཁག་ཏུ་ས་བགོས་ཕྱོགས་ཕེབས་ལས་གཞི་ལྟར། ཕྱི་ཟླ་ ༣ ཚེས་ ༢༦ ནས་ཕྱི་ཟླ་ ༤ ཚེས་ ༣ བར་རྒྱ་གར་ཤར་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། བྷན་དཱ་ར་ནོར་རྒྱས་གླིང་། མན་སྦར་ཕན་བདེ་གླིང་བཅས་དང་། ལྡི་ལི་བོད་ཁང་དུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་སྟེ་ཕྱི་ཟླ་ ༤ ཚེས་ ༤ ཉིན་གྱི་སྔ་དྲོ་རྡ་རམ་ས་ལར་ཕྱིར་ཕེབས་གནང་ཡོད།
དེ་ཡང་ཆོས་རིག་བཀའ་བློན་མཆོག་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་ཕེབས་འབྱོར་དང་འབྲེལ། ཕྱི་ཚེས་ ༢༦ ཉིན་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པས་དེ་སྔོན་མགྲོན་ཤོག་ཕུལ་བ་བཞིན། དགོན་པའི་བསླབ་པ་མཐར་སོན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་བཅར་གྱིས་སློབ་ཐོན་པ་རྣམས་ལ་ཕྱག་འཁྱེར་དང་གསུང་བཤད་གནང་།
ཕྱི་ཚེས་ ༢༧ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་གྲོང་སྡེ་ཁག་དང་། སམ་བྷོ་ཌའི་ཁྱབ་ཁོངས་སློབ་གྲྭ་གཉིས། རྒས་གསོ་ཁང་། ཡན་ལག་སྨན་རྩིས་བཅས་སུ་གཟིགས་སྐོར་གནང་། ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་ས་གནས་འགོ་འཛིན་ནས་གོ་སྒྲིག་ཞུས་པའི་མི་མང་ཚོགས་འདུར་ངོ་ཕེབས་ཀྱིས་གསུང་བཤད་དང་མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་སོགས་གནང་། སྐབས་དེར་ཚོགས་འདུའི་ནང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་། ས་གནས་རང་དབང་བདེན་ཚོགས་གཙོ། མཉམ་འབྲེལ་འགན་འཛིན། གྲོང་སྡེ་སོ་སོའི་བརྒྱ་དཔོན། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་། མི་མང་བཅས་ནས་མཉམ་ཞུགས་གནང་ཡོད།
ཕྱི་ཚེས་ ༢༨ ཉིན་བཀའ་བློན་མཆོག་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ཕྱི་ཚེས་ ༢༩ ཉིན་ས་གནས་ནས་ལས་རིམ་གོ་སྒྲིག་ལྟར། གཞིས་ཆགས་ཀྱི་གྲོང་སྡེ་ཁག་དང་། དགོན་སྡེ། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། མཉམ་འབྲེལ་སོགས་ཀྱི་ལས་ཁུངས། དེ་བཞིན་སློབ་གྲྭ་ཁག་དང་། ཡན་ལག་སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་སོགས་ལ་འཚམས་གཟིགས་གནང་། དེ་རྗེས་དགོང་དྲོ་ནོར་རྒྱས་གླིང་ས་གནས་འཐུས་ཚོགས་དང་། ལས་བྱེད་ལྷན་བཞུགས་མོལ་ཚོགས་འདུ་གནང་། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་བཀའ་བློན་མཆོག་གིས་སེར་སྐྱ་མི་མང་རྣམས་ལ་གསུང་བཤད་གནང་།
ཕྱི་ཚེས་ ༣༡ ཉིན་བཀའ་བློན་མཆོག་མན་སྦར་ཕན་བདེ་གླིང་བོཔད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་ཉིན་དེར་ས་གནས་ཀྱི་ལས་ཁུངས་དང་། གཞིས་གྲོང་ཁག དགོན་སྡེ། སློབ་གྲྭ། དེ་བཞིན་རྒན་གསོ་ཁང་། འཕྲོད་བསྟེན་སྨན་ཁང་སོགས་ལ་འཚམས་གཟིགས་གནང་། ཕྱེད་ཡོལ་ས་གནས་མི་མང་རྣམས་ལ་གསུང་བཤད་གནང་། ཕྱི་ཟླ་ ༤ ཚེས་ ༡ ཉིན་གཞིས་གྲོང་གཞན་ཁག་གཅིག་ཏུ་འཚམས་གཟིགས་གནང་རྗེས། མན་སྦར་ས་འཐུས་དང་ལས་སྣེ་རྣམས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་གནང་ཡོད།
དེ་ལྟར་ཆོས་རིག་བཀའ་བློན་མཆོག་གིས་གོང་གསལ་ས་གནས་ཁག་ཏུ་ཕེབས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཕྱོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་སྨན་པའི་ཞབས་ཞུ་སྒྲུབ་ཐབས། ད་ལྟའིི་བོད་ནང་གི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་བྱུས་ལས་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་ཐོག་གོ་རྟོགས་རྒྱ་བསྐྱེད་གཏོང་རྒྱུ། དེ་བཞིན་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ལས་འགུལ་སྤེལ་བ་སོགས། དཔལ་ལྡན་བཀའ་ཤག་ནས་གཏན་འབེབས་རྩ་འཛིན་གཞིར་བཟུང་ངོ་སྤྲོད་གསལ་བཤད་གནང་སྒོ་སོགས་ལེགས་པར་གྲུབ་ཅིང་། ཕྱི་ཟླ་ ༤ ཚེས་ ༣ ཉིན་ལྡི་ལི་བོད་ཁང་དུ་འཚམས་གཟིགས། དེ་བཞིན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་པ་ ༡༠༣ མཆོག་ལ་སྙུན་གསོས་མཇལ་བཅར་ཞུས་རྗེས་ཕྱི་ཚེས་ ༤ ཉིན་བཞུགས་སྒར་དུ་བདེ་འབྱོར་གནང་ཡོད་པ་བཅས། །