༢༠༡༧ ཟླ་ ༤ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །རྒྱ་ནག་གཞུང་གིས་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུ་དང་དགེ་བཙུན་་ཁག་གཅིག་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུའི་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་པ་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན། Human Right Watch ཞེས་པའི་ཚོགས་གཙོ་སོ་ཕི་རི་ཆར་ཌི་སན་ Sophie Richardson ལགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། ལས་འགུལ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སྤྱིར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༧ ནང་འགོ་འཛུགས་བྱས་ཡོད་ཀྱང་། ལོ་དེའི་ཕྱི་ཟླ་ ༡༢ ནང་དགུན་དུས་སུ་ལས་འགུལ་དེ་གློ་བུར་དུ་རེ་ཞིག་མཚམས་འཇོག་བྱས་ཡོད། ཉེ་ལམ་བོད་ནས་ཐོན་པའི་གནས་ཚུལ་དང་བརྙན་འཕྲིན་གནས་ཚུལ་གསར་ཤོས་ཁག་གཅིག་ལྟར་ན། བླ་རུང་སྒར་གྱི་གྲྭ་ཤག་གྲངས་ ༣༢༢༥ གཏོར་བཤིག་གཏོང་རྒྱུའི་ལས་འགུལ་དེ་སྤྱིར་འདི་ལོའི་ཕྱི་ཟླ་ ༩ ནང་མཇུག་སྒྲིལ་འཆར་ཡོད་ཀྱང་། ད་ཆ་དུས་ཚོད་སྔ་སྣུར་བཏང་ནས་འདི་ལོའི་ཕྱི་ཟླ་ ༤ ཟླ་མཇུག་ནང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་ཡོངས་སུ་མཇུག་སྒྲིལ་རྒྱུའི་ཐག་གཅོད་བྱས་འདུག
སྤྱིར་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ ༣༢༢༥ གཏོར་བཤིག་གཏོང་རྒྱུའི་དུས་ཚོད་སྔ་སྣུར་བཏང་བའི་རྒྱ་ནག་གཞུང་གི་བཀོད་ཁྱབ་དེ་སྔ་ལོའི་ཕྱི་ཟླ་ ༦ ནང་བཏང་ཡོད་པ་རེད་འདུག དེ་ཡང་རྒྱ་ནག་གཞུང་གི་བཀོད་ཁྱབ་ནང་གསལ་ལྟར་ན། ད་ཡོད་གསེར་རྟ་བླ་རུང་སྒར་དགོན་པའི་གྲྭ་ཤག་གི་གྲངས་ཚད་ཉུང་དུ་བཏང་ནས་མཐར་གྲྭ་ཤག་གྲངས་ ༥༠༠༠ བཟོ་རྒྱུའི་ལས་འཆར་སོགས་ཞིབ་ཕྲ་འཁོད་འདུག དེ་ནི་ད་ཡོད་གསེར་རྟ་བླ་རུང་སྒར་དགོན་པའི་གྲ་ཤག་གི་གྲངས་ཚད་ལས་ཕྱེད་ཀ་ཏག་ཏག་ཉུང་དུ་གཏོང་རྒྱུ་ཡིན་འདུག
དགོན་པ་ནས་ཕྱིར་འབུད་བཏང་བའི་གྲྭ་བཙུན་རྣམས་སླར་གསེར་རྟ་བླ་རུང་སྒར་དུ་ཕྱིར་ཕེབས་མི་ཆོག་པ་མ་ཟད། རང་གི་ཕ་ཡུལ་དུ་ཕྱིར་ལོག་རྗེས་ནང་ཆོས་ལ་མུ་མཐུད་ནས་ཐོས་བསམ་སློབ་གཉེར་ཡང་བྱེད་མི་ཆོག་པ་སོགས་བཀའ་རྒྱའི་ནང་འཁོད་འདུག བོད་ནས་ཕྱིར་གྱར་བྱུང་བའི་པར་དེ་དག་ལ་ལྟ་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་ཕྱིར་འབུད་བཏང་ཟིན་པའི་གྲྭ་བཙུན་རྣམས་ཟུར་དུ་སྡོད་ཁང་ཞིག་ནང་བཙན་དབང་འོག་བཞག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སོགས་སྤེལ་བཞིན་ཡོད་པ་ཤེས་རྟོགས་ཐུབ།
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པས་རྒྱ་ནག་གཞུང་ལ་གསེར་རྟ་བླ་རུང་སྒར་ནས་གྲྭ་བཙུན་ཕྱིར་འབུད་གཏོང་རྒྱུའི་ལས་འགུལ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་མ་ཟད། ཕྱིར་འབུད་བཏང་ཟིན་པའི་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་མཚམས་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན། ལྕམ་སྐུ་སོ་ཕི་རི་ཆར་ཌི་སན་ Sophie Richardson ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་ངར་ཤུགས་ཆེ་རུ་བཏང་ནས་བོད་མི་ཆོས་བྱེད་དགེ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་བ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་འདུག ཅེས་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུག་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་ངར་ཤུགས་ཆེ་རུ་གཏོང་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྷན་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། བོད་ནས་ཕྱིར་གྱར་བྱུང་བའི་བརྙན་འཕྲིན་དེའི་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་མི་དགེ་བཙུན་ཁག་གཅིག་ལ་སྡིངས་ཆའི་སྟེང་གཞས་དང་ཞབས་བྲོ་འཁྲབ་བཅུག་པ་དེ་དག བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་ཆེད་མངགས་བྱ་སྤྱོད་དེ་རིགས་སྤེལ་བ་དེས་བོད་མིའི་ཆོས་དད་ལ་མཐོང་ཆུང་དམའ་འབེབ་བྱས་པ་ཞིག་ཡིན་ཞིང་། བྱ་སྤྱོད་དེ་རིགས་རྒྱལ་སྤྱིའི་གཏན་འབེབས་གནང་བའི་ཁྲིམས་དང་ཡོངས་སུ་འགལ་བཞིན་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ལྟར་ན། གཞུང་སུ་ཡིན་རུང་རང་གི་མི་མང་ལ་སྡུག་སྦྱོང་མནར་གཅོད་དང་མཐོང་ཆུང་ཁྱད་གསོད་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རིགས་གཏན་ནས་སྤེལ་མི་ཆོག་པ་དང་། ཁྲིམས་དེར་རྩ་འཛིན་བྱེད་མཁན་རྒྱལ་སྤྱིའི་ཚོགས་མིའི་ཁོངས་སུ་རྒྱ་ནག་གཞུང་ཡང་ཡོད། ཅེས་འཁོད།
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོ་གསར་ཤོས་བཏོན་པ་ “Shadow of Dust Across the Sun: How Tourism is use to Counter Tibetan Cultural Resilience” དེའི་ནང་དུ། དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆན་སྒར་གཏོར་བཤིག་གཏོང་བཞིན་པ་དེའི་རྒྱབ་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་བཞིན་པ་ནི། བསྟི་གནས་ཁང་དེ་གཉིས་རིམ་བཞིན་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཁང་ཞིག་བཟོས་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་བྱེད་ས་ཡོད་པའི་གནས་སྟངས་དང་གོ་སྐབས་དེ་དག་རྩ་མེད་དུ་བཟོ་ཆེད་ཡིན་པ་དང་། དགོན་པ་དེ་དག་གཏོར་བཤིག་གཏོང་ཆེད་རྒྱ་ནག་གཞུང་གིས་སྒེར་གྱི་ཚོང་ཁྱད་རུ་ཁག་དྲུག་ལ་བཀོད་མངགས་བཏང་བ་ལྟར་རུ་ཁག་དེ་དག་གིས་ཚོགས་འདུ་ལན་མང་ཚོགས་པ་དང་། གཏོར་བཤིག་གཏོང་རྒྱུའི་ལས་འགུལ་དེ་དང་འབྲེལ་བའི་རྒྱ་ནག་གཞུང་གི་ལས་ཁུངས་དང་ཚན་པ་དེ་དག་གསེར་རྟ་བླ་རུང་སྒར་དང་ཡར་ཆན་སྒར་གཉིས་གཏོར་བཤིག་བཏང་བ་དེས་འབྱུང་འགྱུར་ཆབ་སྲིད་སོགས་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་གོ་བསྡུར་ཐེངས་མང་བྱས་ཡོད་འདུག
གསེར་རྟ་བླ་རུང་སྒར་དང་ཡ་ཆན་སྒར་གཉིས་གཏོར་བཤིག་གཏོང་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད། ལྷག་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་དམིགས་བསལ་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་ལས་ཚན་པ་དྲུག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༤ ཉིན་རྒྱ་ནག་གཞུང་ལ་ཛ་དྲག་གི་བསྒྲགས་གཏམ་ཞིག་སྤེལ་བ་དེའི་ནང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོན་ཚན་བརྒྱད་གསལ་བཏོན་གནང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། གསེར་རྟ་བླ་རུང་སྒར་དང་ཡ་ཆན་སྒར་གཉིས་ཀྱི་ཐོག་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཞིག་ཁོང་རྣམས་ལ་གསལ་བཤད་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད།
ཕྱོགས་མཚུངས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་པི་རིན་སི་ཛ་ཡེ་དི་མཆོག་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སེལ་ཆེད་གྲ་སྒྲིག་དང་ཆོད་སེམས་ཡོད་པའི་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད། ཕྱོགས་མཚུངས་ལྷན་ཚོགས་ཐེངས་ ༣༤ མཇུག་སྡོམ་དེ་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཚོགས་ཡོད། སྐབས་དེར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་། ཨ་རི། འཇར་མ་ནི། ཁེ་ན་ཌ། ཕ་རན་སི་བཅས་ཀྱིས་ཞལ་གཅིག་གྲགས་ཐོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་མ་ཟད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་སོགས་ལ་དམ་བསྒྲགས་བསུན་གཙེར་བཟོ་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་ཡང་ཤུགས་ཆེ་བཏོན་ཡོད།
ཕྱོགས་མཚུངས་སྔ་ལོའི་ཕྱི་ཟླ་ ༡༢ ནང་ཡུ་རོབ་སྤྱི་མཐུན་ཙོགས་པའི་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ཛ་དྲག་གྲོས་ཆོད་ཞག་པ་དང་སྦྲགས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད།
དེ་ཡང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་བཞིན་པའི་བྱ་སྤྱོད་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ང་ཚོས་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་དེས་དེ་སྔ་རིག་གནས་གསར་བརྗེའི་སྐབས་ཀྱི་རྣམ་པ་ཞིག་ཡིན། དེར་བརྟེན་དེང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་འདིས་བོད་ནང་དུ་རིག་གནས་གསར་བརྗེ་སྐྱར་ལོག་བྱུང་བ་དང་ལྟ་བུ་ཞིག་ཆགས་ཡོད། ཅེས་གསུངས།
འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ལྡི་ལི་སྐུ་ཚབ་དོན་ཁང་དང་། དེ་བཞིན་རྒྱ་གར་གྱི་རྒྱལ་སྤྱིའི་བསྟི་གནས་ཁང་། ཞེས་ཚོགས་པ་གསུམ་ཐུན་མོང་ཐོག་རྒྱལ་ས་ལྡི་ལིའི་ནང་དུ་བོད་ནང་དུ། རིག་གནས་གསར་བརྗེའི་སྐབས་ཀྱི་གནས་སྟངས་ཐོག་པར་རིས་འགྲེམས་སྟོན་དང་དངོས་བྱུང་གློག་བརྙན་ཁག་གཅིག་བསྟན་གནང་འདུག དེ་ཡང་བདུན་གཅིག་རིང་གི་འགྲེམས་སྟོན་སྐབས་དེར་བོད་ནང་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ལག་བསྟར་བྱེད་སྐབས་བོད་མིའི་ཆོས་དང་རིག་གཞུང་སོགས་ལ་ཉམས་ཆག་དང་གཏོར་བཤིག་ཇི་འདྲ་བཏང་བའི་སྐོར་སོགས་ཞིབ་ཕྲ་པར་རིས་ལམ་ནས་འགྲེལ་བརྗོད་དང་། ལྷག་པར་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་རྣམས་པར་རིས་ལམ་ནས་གསལ་བཏོན་གནང་བཞིན་ཡོད།
སྤྱིར་ཐེངས་འདིར་བོད་ནང་རིག་གནས་གསར་བརྗེའི་སྐོར་གྱི་འགྲེམས་སྟོན་ལས་གཞི་བདུན་ཕྲག་གཅིག་རིང་སྤེལ་བཞིན་པ་དེའི་མཛད་སྒོའི་དབུ་འབྱེད་གནང་མཁན་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཡ་ཤི་ཝནྟ་སིནྷ་ Shri. Yashwant Sinha མཆོག་ཡིན་འདུག