༢༠༡༧ ཟླ་ ༤ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་ཨ་རི་རྒྱལ་སྤྱིའི་ཆོས་དད་རང་དབང་རྟོག་ཞིབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༧ ལོའི་ལོ་འཁོར་སྙན་ཐོ་བཏོན་འདུག ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ནི་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་གནས་བབ་གཅིག་ལ་ངོས་འཛིན་གནང་དགོས་པའི་ལམ་སྟོན་ཡང་གནང་འདུག
སྤྱིར་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་ཚོགས་ཆུང་གིས་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ནི་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་གནས་བབ་གཅིག་ལ་བསྟུད་མར་ངོས་འཛིན་གནང་བ་མ་ཟད། ཉེ་ལམ་ལྟ་བུར་མཚོན་ནའང་ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་ལོ་འཁོར་ཆོས་དད་རང་དབང་སྙན་ཐོ་བཏོན་པའི་ནང་དུའང་རྒྱ་ནག་གི་གནས་སྟངས་ཐད་དམིགས་བསལ་གྱི་སེམས་འཚབ་བྱེད་དགོས་པའི་གནས་བབ་གཅིག་ལ་ངོས་འཛིན་གནང་ཡོད།
དེ་ཡང་དམིགས་བསལ་སེམས་འཚབ་བྱེད་དགོས་པའི་གནས་བབ། ཅེས་པ་དེ་ཉམས་ཞིབ་ཡིག་ཆ་ཁག་ལ་གཞི་བཅོལ་ནས་གཏན་འབེབས་ཐག་གཅོད་གནང་བཞིན་ཡོད་འདུག
གལ་ཏེ་རྒྱལ་སྤྱིའི་ཁྲིམས་ལུགས་གནས་བབ་ལ་བརྩི་མེད་རྡོག་རོལ་བཏང་ནས་ཆོས་ལུགས་དད་པ་རང་མོས་ལ་དམ་བསྒྲགས་ཚོད་འཛིན་སོགས་བྱེད་པ་ཡིན་ན། དམིགས་བསལ་སེམས་འཚབ་བྱེད་དགོས་པའི་གནས་བབ་གཅིག་ལ་ངོས་འཛིན་གནང་སྲོལ་ཡོད་འདུག
དེ་ཡང་སྙན་ཐོའི་ནང་། རྒྱ་ནག ཅེས་འགོ་བརྗོད་དུ་འཁོད་པའི་འོག་ཏུ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་གཅིག་བསྡུས་བྱས་རྗེས་རྒྱ་ནག་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་དང་། དབང་འཛིན་པ་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་འཐབ་རྩོད་པ་ཚོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁར་བརྩིས་ནས་འཛིན་བཟུང་བཀག་ཉར་དང་དམ་བསྒྲགས་བྱས་པ་དང་།
ལྷག་པར་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་ལ་ཐེ་བྱུས་བྱེད་བཞིན་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས། དེང་སྐབས་གཏོར་བཤིག་གཏོང་བཞིན་པའི་གསེར་རྟ་བླ་རུང་སྒར་བཅས་ཀྱི་སྐོར་སྙན་ཐོའི་ནང་ཞིབ་ཕྲ་འཁོད་དོན།
ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རྗེས་མའི་ཡང་སྲིད་ཐག་གཅོད་བྱ་རྒྱུར་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་ཚུལ་སྙོན་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་ཁ་བྲལ་བ་དང་ལོག་སྤྱོད་པ་རེད། ཅེས་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཟེར་བའི་ནང་བཀོད་ཡོད། ཅེས་འཁོད།
གཞན་ཡང་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་སོགས་གཏོར་ཤིག་ཚབས་ཆེ་བཏང་འགོ་བཙུགས་པ་དང་། སྤྱིར་གསེར་རྟ་བླ་རུང་སྒར་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་དང་སྐྱ་བོ་ཁྱོན་བསྡོམས་གྲངས་ ༡༠༠༠༠ དང་ ༢༠༠༠༠ བར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་སོགས་འཁོད་འདུག།