༢༠༡༧ ཟླ་ ༤ ཚེས་ ༩ རེས་གཟའ་ཉི་མ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༩ རེས་གཟའ་ཉི་མའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་རྟ་དབང་དགའ་ལྡན་རྒྱལ་ལྷ་རྩེ་དགོན་དུ་ཆིབས་སྒྱུར་བསྐྱངས་ནས་མཁན་བླ་འདུས་མང་ཡོངས་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་ཐོག་མར་མཁན་པོ་གངས་དཀར་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་སྩལ་གནང་མཛད་ཆེད་གསོལ་འདེབས་ཞུ་དོན། ངས་རྟ་དབང་དགོན་པའི་མཁན་པོའི་འགན་འཁྱེར་ནས་ཟླ་བ་དྲུག་མ་ཟིན་ཙམ་སོང་བའི་རིང་ལ། ༸གོང་ས་མཆོག་འདི་གར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རྒན་པ་ཚོས་༸གོང་ས་མཆོག་ལ་བཀའ་སློབ་ལམ་སྟོོན་སྩལ་གནང་མཛད་ཆེད་གསོལ་འདེབས་ཞུ་དགོས་པའི་འབོད་སྐུལ་ཡང་ཡང་གནང་གི་འདུག དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་མཇལ་བཅར་ཞུས་པ་ཡིན། སྐབས་དེར་བཀའ་སློབ་ཕེབས་དོན་དུ། འདི་རུ་གཙོ་བོ་ནང་ཆོས་བསླབ་པ་སློབ་གཉེར་སོགས་ཆོས་ཕྱོགས་ཀྱི་བྱ་བ་འབའ་ཞིག་ལ་གཞོལ་དགོས་པ་དང་། ཕྱོགས་མཚུངས་ས་གནས་ཡུལ་མི་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་ཆོས་ཕྱོགས་ཀྱི་ལམ་སྟོན་བྱེད་ཐུབ་པ་རྣམས་ལ་རང་ནུས་གང་ཡོད་ཐོག་ཤུགས་རྒྱག་དགོས་པ་ལས། དེ་ལས་གཞན་པའི་བྱུས་གཏོགས་གང་ཡང་བྱེད་མི་དགོས། ཞེས་བཀའ་སློབ་ཕེབས་བྱུང་། ཞེས་སོགས་ལྷ་སྙན་སྒྲོན་འབུལ་ཞུས་བསྟུན་དགོན་པ་ནང་གི་དགེ་འདུན་པའི་གནས་སྟངས་སྐོར་སྙན་སྒྲོན་ཞུས་དོན།
ད་ལྟའི་འཆར་རྟ་དབང་དགོན་པར་དགེ་འདུན་པ་ཞལ་གྲངས་ ༣༩༤ ཡོད་པ་དང་། གྲྭ་སར་ཕེབས་མཁན་ ༡༢༢ འདུག དེ་ནས་ཝར་ཎ་མཐོ་སློབ་ཏུ་ཕེབས་མཁན་ ༢༩ འདུག དེ་བཞིན་མཚོ་སྣ་རིན་པོ་ཆེ་ཞིང་གཤེགས་མཆོག་གིས་མཐོ་སློབ་ཏུ་དགེ་འདུན་པ་གྲངས་ ༢༦ འདུག རྡ་ས་ཚན་ཉིད་སློབ་གྲྭའི་ནང་དགེ་འདུན་པ་གྲངས་ ༡༡ འདུག དེ་དག་ཚང་མ་བརྩི་བ་ཡིན་ན། རྟ་དབང་དགོན་པར་དགེ་འདུན་ཞལ་གྲངས་ ༥༧༧ ཆགས་ཀྱི་འདུག ཅེས་སྙན་སྒྲོན་ཞུས།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། རིན་པོ་ཆེ་ཁ་སྔོན་འཁྱུག་ཙམ་ཐུག་སྐབས་བཀའ་མོལ་བྱུང་ཡོད། དེ་སྔ་འབྲས་སྤུངས་སུ་ཡོད་པའི་སྐབས་ནས་ངོ་ཤེས་ཀྱི་ཡོད། དངོས་ཡོད་གནས་ཚུལ། ཟོལ་མེད། འདྲ་ཆག་ཆག་མིན་པར་རིན་པོ་ཆེས་དངོས་ཡོད་གནས་ཚུལ་གསུང་པ་རེད། དགའ་པོ་བྱུང་། ངོས་ཀྱིས་སྤྱི་ཡོངས་ནས་བཤད་བཞིན་པ་ལྟར་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྟེང་ཆོས་ལུགས་མང་པོ་ཡོད་པའི་ནང་ནས་ལྟ་གྲུབ་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་དང་། གོང་དུ་ངོས་ཀྱིས་བརྗོད་པ་ལྟར་ཆོས་དཀོན་མཆོག་བརྗོད་སྐབས་འགོག་བདེན་དང་ལམ་བདེན་བཤད་ཀྱི་ཡོད། དེ་ནི་རྩ་བ་ལྟ་བུ་དེ་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་འཆད་དགོས། སྟོང་ཉིད་ལྟ་བ་བརྗོད་སྐབས། དཔེར་ན། གཟུགས་ཅན་ཆོས་ཞིག་ཆ་ཤས་སེལ་ནས་བརྟག་དཔྱད་བྱས་པ་ཡིན་ན་རྙེད་རྒྱུ་མེད་པ་དེ་ཚན་རིག་པས་བཤད་ཀྱི་ཡོད། འདི་ཧ་ལམ་མཐོང་ཆོས་སུ་ཡོད་པ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་པའི་ཆོས་འདི་སྔ་མོ་ངོས་ཀྱིས་སྡི་རང་དུ་དུས་འཁོར་དབང་ཆེན་སྐབས་བརྗོད་རྒྱུ་བྱུང་། སངས་རྒྱས་པའི་ཆོས་འདི་ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚེ་བ་མེད་པ་རེད། སྤྱོད་པ་འཚེ་བ་མེད་པ་འདི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད། ལྟ་བ་རྟེན་བྱུང་ཞེས་པ་འདི་ཚན་རིག་དང་མཐུན་པ་རེད། ཅེས་བརྗོད་མྱོང་།
བོད་ནི་ད་ལྟའི་འཆར་གནས་སྟངས་ཁག་པོ་ཞིག་ཐོག་ལ་ཡོད། ཆོས་བྱེད་རྒྱུ་དེ་དག་ས་ཁུག་ལུང་ཁུག་ནང་ཡོད་པ་ལས་གཞན་ཁག་པོ་རེད། དཔེར་ན་ངོས་རང་འབྲས་སྤུངས་སུ་གྲྭ་སྐོར་བྱེད་སྐབས་དགེ་འདུན་པ་སྟོང་ཕྲག་བརྒྱད་ཙམ་ཡོད། སེ་ར་ལའང་ཧ་ལམ་སྟོང་ཕྲག་བརྒྱད་ཙམ་འདུག བར་སྐབས་སེ་ར་དང་འབྲས་སྤུངས་སུ་གྲྭ་པ་བརྒྱ་ཕྲག་འགའ་ཤས་མ་གཏོགས་མེད་པ་ལྟ་བུ་འདུག བར་སྐབས་ཤིག་ལ་འབྲས་སྤུངས་སུ་དགེ་འདུན་པ་ཞལ་གྲངས་བཞི་བཅུ་ལྔ་བཅུ་ལས་མིན་འདུག ཅེས་བརྗོད་མཁན་བྱུང་། དེ་འདྲའི་གནས་སྟངས་འོག་ལ་བསྡད་ཡོད། མདོ་སྟོད་སྨད་ས་ཁུལ་དུ་དགེ་འདུན་སྟོང་ཕྲག་གཉིས་གསུམ་སློབ་སྦྱོང་བྱེད་མཁན་ཡོད་པ་ལས་གཞན་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་སྐྱོ་པོ་ཆགས་ཡོད། དེར་བརྟེན་མཁན་ཆེན་ཞི་བ་འཚོས་ང་ཚོར་བརྩིས་སྤྲོད་གནང་བའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་འདྲའི་རླབས་ཆེན་པོ་འདི་ཧི་མཱ་ལ་ཡ་རི་རྒྱུད་ལ་ཡོད་པའི་ས་ཁུལ་དེ་དག་བོད་དང་ཆོས་བརྒྱུད་གཅིག་པ་ཆགས་ཡོད། ཁྱེད་རང་ཚོར་རང་དབང་ཡོད།
དེར་བརྟེན་ཁྱེད་ཚོ་སྣེ་ཤན་པ་ལྟ་བུ་ཆགས་འདུག དེ་འདྲ་ཡིན་དུས་ནུབ་ལ་དྭགས་ནས་མོན་བར་དུ་ཆོས་སྡེ་ཁག་དེ་དག་སངས་རྒྱས་ཀྱི་བསྟན་པ། མཁན་ཆེན་ཞི་བ་འཚོས་ང་ཚོར་བརྩི་སྤྲོད་མཛད་པ་དེ་དག་ཉམས་པ་གསོར་ཆུད། མི་ཉམས་གོང་འཕེལ་བྱེད་རྒྱུའི་ལས་འགན་རང་དབང་ལྡན་པའི་ཐོག་གསན་བསྒྲུབ་ཐུབ་རྒྱུའི་ས་ཁུལ་འདི་དག་ཆགས་ཡོད། དེ་འདྲ་ཡིན་དུས་སྤྱི་ཡོངས་ཀྱི་ཆ་ནས་ཁྱེད་རང་ཚོ་སངས་རྒྱས་ཀྱི་བསྟན་པ་དངོས་གནས་ད་ལྟའི་དུས་ཚོད་འདིར་ཉག་ཕྲ་བོ་ཞིག་ཡོད་པ། བསྟན་པ་འདི་འཛམ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ། དེ་དག་ཤེས་པའི་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་འདྲ་འགན་ཁུར་རང་དབང་ལྡན་པའི་ཐོག་ནས་བྱེད་ཐུབ་རྒྱུ་ཞིག་ཡོད་པ་འདི་ངོས་འཛིན་པའི་ཐོག་ནས་ཚང་མས་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་རེད། ནམ་རྒྱུན་ལ་དྭགས་ནས་བཟུང་བའི་དགོན་པ་དེ་ཚོའི་གྲས་ལོ་བརྒྱ་ཕྲག་འགའ་ཤས་རིང་ལ་འཆར་ཅན་བྱེད་རྒྱུ་ལྟ་བུ་བྱས་ནས་དགོན་པ་འགའ་ཤས་ཀྱིས་འཆམ་ལྟ་བུ་འཁྲབ། དེ་འདྲ་བྱས་ནས་ཉིན་མ་བསྐྱལ་བཞིན་ཡོད། ད་ཆ་སྔ་མོ་ནང་བཞིན་ཕྱིན་པ་ཡིན་ན་རྩ་བ་ནས་འགྲིག་གི་མེད། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ཞེས་སློབ་དཔོན་དབྱིག་གཉེན་ཧ་ཅང་ཐུགས་ཕམ་ནས་གསུངས་པ་རེད། ཅེས་གསུང་སྲོལ་འདུག གང་ལྟར་ད་ལྟའི་དུས་ཚོད་འདིར་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བོ་ཞིག་ལ་བསླེབས་ཡོད།
ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། སངས་རྒྱས་ཀྱི་བསྟན་པ་དེ་སྔ་གོ་མྱོང་མཐོང་མྱོང་མེད་པའི་ས་ཁུལ་དུ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་ཚད་མ་རིག་པའི་ལམ་ནས་ལྟ་གྲུབ་ཀྱི་རྣམ་གཞག་གཏན་ལ་ཕབ་ནས་དེ་གཞི་ལ་བཞག་པའི་ཐོག་ནས་ཡོད་བསྡད་པ་འདི་ཡ་མཚན་པོ་འདུག ཅེས་དོ་སྣང་གསར་པ་བྱེད་མཁན་མང་པོ་ཞིག་ཡོང་བཞིན་ཡོད། དེ་འདྲའི་དུས་ཚོད་གཅིག་ལ་ང་ཚོའི་དགོན་སྡེ་ཁག་དེ་དག་གིས་སྤུས་དག་པོ་བྱས་ནས་བདག་པོ་བརྒྱབ་ཡོད། སྤུས་དག་པོ་བརྗོད་སྐབས་འདུ་ཁང་རྫིག་པོ་དང་ཆོས་རྫས་རྫིག་པོ་ཡོད་པའི་སྐད་ཆ་མ་རེད། སློབ་གཉེར་ཐོག་ལ་སྤུས་དག་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
བར་སྐབས་ལ་དྭགས་དགོན་པ་ཁག་ལ་ཆ་བཞག་པ་ཡིན་ནའང་ཧ་ཅང་ཡར་རྒྱས་ཕྱིན་ཡོད། ས་ཁུལ་དེ་རང་ནས་སློབ་གཉེར་ལ་དང་འདོད་བྱེད་མཁན་དེ་འདྲ་བྱུང་ཡོད། ཡག་ཐག་ཆོད་འདུག ཁ་སང་མཁན་རིན་པོ་ཆེ་དང་སྐད་ཆ་བྱུང་། འདིར་དབུ་ཕར་གྱི་གཞུང་ཏོག་ཙམ་བལྟ་ཐུབ་ན། ཡིག་ཆ་དེ་ཡང་༸གོང་ས་ལྔ་པ་ཆེན་པོའི་གསུང་ནས་མར་བྱས་ནས། ༸གོང་ས་ལྔ་པ་ཆེན་པོ་དང་དགོན་པ་འདི་ཐུན་མོང་མིན་པའི་འབྲེལ་བ་ཡོད་སྟབས། དེ་འདྲ་ཞིག་བྱེད་ཐུབ་ན། ཞེས་བརྗོད་སྐབས་ངོས་ཀྱིས་མ་གཞི་དེ་ཡག་པོ་འདུག འོན་ཀྱང་ངོས་ཀྱི་འདོད་པ་འདི་རྒྱ་གཞུང་དེ་ཚོའི་གྲས་གཙོ་བོ་བརྩི་རྒྱུ་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་བྱུང་། དཔེ་ཆ་བལྟ་རྒྱུ་དེ་ཡང་དབུ་མའི་གཞུང་འདི་སློབ་དཔོན་སངས་རྒྱས་རྐྱང་གི་བྷུ་ད་པ་ལི་ཏ་དང་ཕར་ཕྱིན་གྱི་འགྲེལ་བ་དོན་གསལ་བལྟ་བ་ཡིན་ན། ཞེས་ངས་ཁ་སང་རིན་པོ་ཆེར་དེ་འདྲ་བརྗོད་པ་ཡིན། ཞེས་དང་། ཆོས་རྒྱལ་སྐབས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་རྡོག་ལ་སྒྲིལ་ནས་ཡོད་ཀྱང་རིམ་བཞིན་མངའ་བདག་ཁྲི་རལ་གྱི་རྗེས་བོད་སིལ་བུར་ཆགས། དེ་ནས་ཆབ་སྲིད་ཀྱི་གནས་སྟངས་ཐད་འཐུས་ཤོར་ཧ་ཅང་བཏང་ཡོད། དཔེར་ན་ངོས་རང་གི་མི་ཚེའི་དྲན་ཐོག་ལ་མཚོན་ན། ར་སྒྲེང་དང་སྟག་བྲག དེ་ནས་རྒྱལ་ཐོག་དེ་དག་སྐབས་འཐུས་ཤོར་ཧ་ཅང་བཏང་འདུག ༸སྐུ་མདུན་སྐུ་གོང་མ་རྒྱ་ནག་དང་རྒྱ་གར་ལ་ཕེབས་ནས་ཞེ་ས་མ་ཞུས་ན་ཏོག་ཙམ་འཐོམས་བསངས་ནས་ཨིན་ཇིའི་ལུང་པར་སློབ་ཕྲུག་མི་བཞི་བཏང་གནང་བ་དེ་ཚོ་ད་ལྟ་མུ་མཐུད་ནས་བྱུང་ཡོད་པ་ཡིན་ན། ཕྱི་ལོ་ ༡༩༡༣།༡༩༡༤ སྐབས་རེད། སྐབས་དེ་ནས་ལོ་ངོ་ཉི་ཤུ་ཙ་གྲངས། དེ་ནས་སུམ་ཅུ་སོ་གྲངས། བཞི་བཅུ་ཞེ་གྲངས་བརྗོད་སྐབས་ལོ་སུམ་ཅུ་བཞི་བཅུ་ཕྱིན་འདུག གལ་ཏེ་དེ་འདྲ་བྱས་ནས་འགྲོ་ཐུབ་ཡོད་ན་སྐད་ཡིག་དེ་དག་ཀྱང་ཤེས། འཛམ་གླིང་གནས་ཚུལ་ཡང་ཤེས་ནས་ཕན་ཚུན་འབྲེལ་བ་བྱ་རྒྱུ་དེ་ཡང་འཐོམས་བསངས་ནས་འབྲེལ་བ་བྱེད་པ་ཡིན་ན། ཏན་ཏན་མི་འདྲ་བ་ཞིག་ཡོང་རྒྱུ་ཡིན་ནའང་གང་ཡང་བྱུང་མེད། གང་ལྟར་ང་ཚོ་དེ་སྔ་འཐུས་ཤོར་ཕྱིན་འདུག ད་ང་ཚོ་རྒྱལ་ས་ནས་ལངས་ཐུབ་པ་ཞིག་བསམ་བློ་གཏོང་གི་ཡོད། སྔར་ལམ་ཁོ་ནའི་ཐོག་ནས་འགྲོ་རྒྱུ་མེད། དེ་ཁྱེད་ཚོས་སེམས་ནང་བཞག་རོགས། རྟ་དབང་དགོན་པར་འགན་ཆེན་པོ་ཡོད། ཁྱེད་ཚོས་སྔ་དྲོ་ཆུ་ཚོད་ ༤ ཙམ་ནས་རྔ་བརྡུང་ནས་གཉིད་དཀྲོག་མཁན་ལྟ་བུ་འདུག ཕྲུ་གུ་ཆུང་ཆུང་དེ་ཚོའི་གྲས་དངོས་ཡོད་གནས་ཚུལ་ཐོག་ནས་ལུས་པོའི་འཕྲོད་བསྟེན་ལའང་གཉིད་མང་ཙམ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།