༢༠༡༧ ཟླ་ ༣ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཨུ་རུ་སུ་ནང་པའི་སྤྱི་མཐུན་རྒྱལ་ཁབ་ཁལ་མུག་དང་། བྷུ་རི་ཡ། ཐུ་ཝ། དེ་བཞིན་མོ་སི་ཁོའི་ཁུལ་གནས་སྡོད་སོག་པོ་ནང་པ་བརྒྱ་ཕྲག་ཁ་ཤས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་མཉམ་འཛོམས་ཐོག་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་དོན། བོད་པ་དང་སོག་པོས་གཙོས་རུ་སུའི་ནང་པའི་རྒྱལ་ཁབ་ཁག་གི་ལོ་ངོ་བརྒྱ་ཕྲག་རིང་ནས། ལོ་གསར་སྲུང་བརྩི་ཞུ་རྒྱུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གཅིག་མཚུངས་ཐོག་ལག་བསྟར་བྱེད་སྲོལ་ཡོད། སྤྱིར་ཡུལ་ལུང་དེ་དག་ལོ་གསར་ལ་ཐ་སྙད་སྣ་ཚོགས་ཐོག་ནས་འབོད་སྲོལ་ཡོད། འོན་ཀྱང་ལོ་གསར་གཏོང་ཚེས་དུས་ཚོད་ཚང་མར་གཅིག་པ་འཁེལ་བཞིན་ཡོད། དེ་འདྲ་འཛམ་གླིང་ནང་ཧ་ཅང་དཀོན། ༸གོང་ས་མཆོག་གིས་རྒྱུན་ལྡན་བཀའ་སློབ་སྩོལ་བཞིན་པ་ལྟར། སྤྱིར་གོང་གི་ནང་པའི་རྒྱལ་ཁབ་དེ་དག་དཔལ་ན་ལེནྡྲ་ལ་གཞི་བཅོལ་བའི་བོད་བརྒྱུད་ནང་བསྟན་ལ་ཁུངས་གཏུགས་བཞིན་ཡོད་པ་གཅིག་མཚུངས་ཡིན་ཡང་། ཡུལ་ལུང་སོ་སོའི་རིག་གཞུང་མི་འདྲ་ཙམ་ཡོད་པར་བརྟེན་རྒྱུན་ལྡན་འཚོ་བའི་གོམས་གཤིས་ཕྲན་བུ་མི་འདྲ་ཙམ་ཡོད།
༸གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སླད་༸སྐུ་ངལ་ཧ་ཅང་སྐྱོན་བཞིན་ཡོད་པ་དེ་ང་ཚོས་ཡིད་ལ་དྲན་པའི་ཐོག་ནས་ཚང་མས་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་རིན་ཐང་དེ་དག་གོང་སྤེལ་གཏོང་ཐབས་གནང་རྒྱུའི་དམ་བཅའ་འཇོག་ཐུབ་པ་ཞིག་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག དེ་ལྟར་ཐུབ་ཚེ་རང་ཉིད་ཙམ་མ་ཟད། ཉེ་འཁོར་སོགས་ལའང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་རྒྱུར་ཕན་ཐོགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་བཞིན་དེ་ཉིན་ཏེ་རིན་པོ་ཆེ་དང་ཁལ་མུག་ཏུ་རྟེན་གཞི་བྱས་པའི་ནང་པའི་མ་དགོན་ The Golden Abode of Buddha Shakyamuni ཞེས་པའི་འཛིན་སྐྱོང་འགན་འཛིན་ཟུར་པ་ངག་དབང་བློ་གྲོས་ལགས་བཅས་དབུ་བཞུགས་ཐོག་༸གོང་ས་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པ་དང་། འབྱུང་འགྱུར་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུར་གསོལ་འདེབས་སྨོན་ལམ་གསུང་འདོན་གནང་ཡོད།
སྐབས་དེར་མོ་སི་ཁོར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་ཐེབས་རྩ་ཁང་གི་འགན་འཛིན་ལྕམ་སྐུ་ན་ཏཱ་ལི་ཡ་བྷེ་སི་པ་ལོ་ཝ་ Natalia Bespalova ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སོག་པའི་གྲྭ་རྒྱུན་སློབ་གཉེར་གནང་ཡུལ་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཡོད། མཛད་སྒོ་གྲོལ་རྗེས་ཁལ་མུག་དང་། བྷུ་རི་ཡ་ཏི། ཐུ་ཝ་བཅས་ཀྱི་སྐུ་ཚབ་ནས་སོ་སོའི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་སྟེ་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས།།