༢༠༡༧ ཟླ་ ༣ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མདྱ་པྲ་དེ་ཤིའི་ Madhya Pradesh མངའ་སྡེའི་རྒྱལ་ས་བྷོ་པཱལ་དུ། མངའ་སྡེའི་སྤྱི་ཁྱབ་བློན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་གྲོས་ཚོགས་འཐུས་མི་རྣམ་པ། གཞན་ཡང་གཞུང་ཞབས་ལས་བྱེད་བཅས་ཚང་འཛོམས་ཐོག བདེ་སྐྱིད་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་འདུག
དེ་ཡང་སྔ་ལོར་མངའ་སྡེའི་གཞུང་གིས་ Anand Sansthan ཞེས་ལས་ཁུངས་གསར་པ་ཞིག་ཆེད་འཛུགས་གནང་སྟེ་མངའ་སྡེའི་ནང་བདེ་སྐྱིད་གོང་འཕེལ་གཏོང་རྒྱུའི་ལས་འཆར་ལག་བསྟར་གནང་ཡོད། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་མངགས་མངའ་སྡེའི་གཞུང་གིས་མགྲོན་འབོད་ཞུས་ནས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་མིན་ཐད་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
དེང་སྐབས་འཛམ་གླིང་གི་ས་གནས་གང་སར་དམག་འཁྲུག་དང་མུ་གེ་སོགས་ཀྱི་དཀའ་ངལ་ཧ་ཅང་འཕྲད་བཞིན་པ་དེ་དག་མིས་བཟོས་པ་ཞིག་ཕལ་ཆེར་རེད། དེ་ནི་གཙོ་བོ་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐོག་འགོ་ཁྲིད་ཚོས་བསམ་བློ་མ་བཏང་བར་སྣང་མེད་དུ་བཞག་ནས་དམག་ལ་དང་འདོད་བྱས་པ་སོགས་ལས་བྱུང་བ་དང་། དེ་བཞིན་དབུལ་ཕྱུག་དབར་གྱི་ཁྱད་པར་ཧ་ཅང་ཡོད་པ་བཅས་ལ་བརྟེན་ནས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད།
རྒྱ་གར་ནང་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་བྱ་རྒྱུའི་སྲོལ་བཟང་ཞིག་ཡོད། སྐབས་རེ་ཆབ་སྲིད་པ་རེ་ཟུང་གིས་རྐྱེན་པས་རྙོག་གྲ་དེ་འདྲ་ཕྲན་བུ་ཡོང་བཞིན་ཡོད། དེ་ནི་འཛམ་གླིང་སྤྱིའི་གནས་སྟངས་ཐོག་ནས་བཤད་པ་ཡིན་ནའང་རྙོག་གྲ་བཟོ་མཁན་རེ་ཟུང་ཡོང་བཞིན་ཡོད། དེར་བརྟེན་བསམ་ཤེས་ཐུབ་པ་ཞིག་རེད།
འཛམ་གླིང་འདིའི་ནང་ལ་དཀའ་ངལ་ཧ་ཅང་མང་པོ་ཡོད། རང་བཞིན་འབྱུང་བའི་གོད་ཆག་ཚབས་ཆེའི་རིགས་ནི་ང་ཚོར་བྱ་རྒྱུ་གང་ཡང་མེད། འོན་ཀྱང་དམག་འཁྲུག་དང་མི་ཕན་ཚུན་གསོད་རེས་གཏོང་རྒྱུ། མུ་གེ་སོགས་དཀའ་ངལ་དེ་རིགས་མིས་བཟོས་པ་ཞིག་དང་ལྷག་པར་དཀའ་ངལ་དེ་དག་ཡོང་རྐྱེན་གཙོ་བོ། དབུལ་ཕྱུག་དབར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་སྲིད་གཞུང་གིས་དེ་ཙམ་དོ་སྣང་མ་བྱས་པའམ། ཡང་ན་དམག་ལ་དང་འདོད་བྱས་ནས་རྒྱལ་ཁབ་ཀྱི་ཐུན་རྐྱེན་རྣམས་དམག་གི་གོ་མཚོན་ཉོ་རྒྱུ་དང་བཟོ་སྐྲུན་སོགས་ཀྱི་ཆེད་དུ་འགྲོ་སོང་བཏང་བ་སོགས་ལ་བརྟེན་ནས་ཡོང་བ་ཞིག་ཡིན་སྟབས་མིས་བཟོས་པའི་དཀའ་ངལ་ཞིག་ཆགས་ཡོད། དེར་བརྟེན་དཀའ་ངལ་དེ་དག་མིས་སེལ་དགོས་པ་ཞིག་དང་སེལ་ཐུབ་པ་ཞིག་ཡིན།
རྒྱ་གར་ཡུལ་འཁོར་ཆེན་པོ་འདིར་མཚོན་ན། ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་གནས་བཞིན་ཡོད། རྒྱ་གར་རང་གི་ཆོས་ལུགས་ཙམ་མ་ཟད། ཡེ་ཤུ་དང་ཁ་ཆེའི་ཆོས་ལུགས་སོགས་ཕྱི་ནས་དར་བའི་ཆོས་ལུགས་དེ་དག་ཀྱང་རྒྱ་གར་ནང་གི་ཆོས་ལུགས་དང་ལྷན་འཆམ་མཐུན་ངང་འཚོ་གནས་དང་དར་སྤེལ་ཐུབ་ཡོད། འདི་ནི་དངོས་གནས་ངོ་མཚར་དང་རྗེས་སུ་ཡི་རང་སྐྱེ་དགོས་པ་ཞིག་ཆགས་ཡོད། རྒྱ་གར་ནང་བཞིན་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་ལོ་ངོ་བརྒྱ་ཕྲག་རིང་གནས་མཁན་རྒྱལ་ཁབ་སུ་ཡང་མེད། དེར་བརྟེན་ཆོས་ལུགས་འཆམ་མཐུན་ཐོག་རྒྱ་གར་གྱིས་སྣེ་ཁྲིད་དེ་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པ་དགོས།
ཆོས་ལུགས་ཚང་མས་དཀོན་མཆོག་ནི་བྱམས་བརྩེའི་བདག་ཉིད་ཡིན་པ་གསུང་བཞིན་ཡོད་པ་ལས། དཀོན་མཆོག་ཞེ་སྡང་གི་རང་བཞིན་ཡིན་པ་སུ་གཅིག་གིས་གསུང་རྒྱུ་མ་རེད། དེར་བརྟེན་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་ཉམས་ལེན་དགོས་པའི་བསླབ་བྱ་སྐྱོན་བཞིན་ཡོད། བྱམས་བརྩེའི་བདག་ཉིད་ཀྱི་དཀོན་མཆོག་དེ་ང་ཚོའི་ཕ་དང་ང་ཚོ་ཁོང་གི་ཕྲུ་གུ་ཡིན་སྟབས་ང་ཚོའི་རྒྱུད་ལའང་བྱམས་བརྩེའི་ས་བོན་ཡོད་དགོས། སྤྱིར་ཆོས་ལུགས་ཚང་མའི་རྨང་གཞི་དེ་སྤྱི་ཚོགས་འཆམ་མཐུན་དང་ཕན་ཚུན་གུས་བཀུར་ཞུ་རྒྱུ་དེ་ཡིན།
སྨན་གྱིས་ནད་བཅོས་རྒྱུར་ཕན་ཐོགས་ཡོད་པ་ལྟར་ཆོས་ལུགས་ཀྱིས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོད། འོན་ཀྱང་ངོས་ཀྱིས་ནང་ཆོས་ནི་ཆོས་ལུགས་ཚང་མའི་ནང་ནས་ཡག་ཤོས་རེད། ཅེས་ནམ་ཡང་བརྗོད་མྱོང་མེད། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཁོ་ན་ལས་བཟང་སྤྱོད་ཀྱི་སློབ་གསོ་འདང་ངེས་ཤིག་མེད་སྟབས། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་སྐོར་སློབ་ཚན་གཏན་འབེབས་བྱེད་རྒྱུའི་དུས་ལ་བབ་ཡོད། ངོས་ལ་བྱམས་བརྩེའི་རིན་ཐང་སློབ་མཁན་ཐོག་མ་དེ་ངོས་ཀྱི་ཨ་མ་ལགས་ཆགས་ཀྱི་ཡོད། ངོས་ཀྱི་ཨ་མ་ལགས་ནི་ཧ་ཅང་ཐུགས་སེམས་བཟང་པོ་ཞིག་ཡོད། ངོས་ཀྱིས་དུས་ནམ་ཡང་ཨ་མ་ལགས་ཁོང་ཁྲོ་ལངས་བ་མཇལ་མྱོང་མེད། འོན་ཀྱང་ངོས་ཀྱི་པཱ་ལགས་ནི་ཧ་ཅང་སྤྲོ་ཐུང་ཐུང་ཞིག་ཡོད། དེ་སྔ་ངོས་ཀྱིས་ཁོང་གི་ཁ་སྤུ་འཐེན་སྐབས་ཁོང་གིས་ངོས་ལ་རྡུང་མྱོང་ཡོད།
མའི་བྱམས་བརྩེ་འོག་འཚར་ལོངས་བྱུང་བའི་བུ་ཕྲུག་རྣམས་བྱམས་བརྩེ་ལྡན་པ་ཞིག་ཡོང་གི་ཡོད། མའི་བརྩེ་བ་མ་ཐོབ་མཁན་མི་རྣམས་ཏོག་ཙམ་ཁོང་ཁྲོ་ལང་པོ་དང་མི་གཞན་ལ་ཡིད་ཆེས་མི་བྱེད་མཁན་ཞིག་ཆགས་ཀྱི་ཡོད་པ་ཉམས་ཞིབ་བྱེད་མཁན་ཚོས་གསུང་བཞིན་ཡོད། བདེ་སྐྱིད་ནི་ཚོང་ཁང་ཆེན་པོ་དེ་འདྲ་ནས་ཉོ་རྒྱུ་མེད། ཅེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མདྱ་པྲ་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྔ་ལོར་མངའ་སྡེའི་གཞུང་གི་ལས་ཁུངས་ནང་བདེ་སྐྱིད་ཀྱི་ཚན་པ། ཞེས་པའི་ཚན་པ་གསར་འཛུགས་གནང་བར་བསྔགས་བརྗོད་མཛད་ཡོད།།