༢༠༡༧ ཟླ་ ༣ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྷི་ཧཱར་ནང་རྟེན་གཞི་བྱས་པའི་རཱཇ་གིར་རམ་བྱ་རྒོད་ཕུང་རི་གནས་ཆེན་ཡོད་སའི་གྲོང་ཁྱེར་དུ། རྒྱལ་སྤྱིའི་ཚོགས་ཁང་། International Cenvention Centre ཞེས་པའི་ནང་དུ། དུས་རབས་ཉེར་གཅིག་པའི་ནང་པ། ཞེས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་མཛད་འདུག སྐབས་དེར་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་འབུམ་རམས་པ་སྐུ་ཞབས་མ་ཧེ་ཤི་ཤརྨ་ Dr. Mahesh Sharma མཆོག་དང་། ནང་པའི་ཐེག་པ་ཆེ་ཆུང་གི་འདུལ་བ་འཛིན་པའི་མཁན་པོ་དང་བླ་མ། སློབ་དཔོན་སོགས་དུ་མ་ཞིག་ཆེད་བཅར་ཞུས་ཡོད།
དེ་ཡང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་བདག་བླ་ཆེན་ཁག་གཅིག་ཕེབས་ཡོད་ཁོངས་ནས། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ས་སྐྱ་གོང་མ་རིན་པོ་ཆེའི་སྐུ་ཚབ་ཐར་རྩེ་མཁན་རིན་པོ་ཆེ་མཆོག དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག ཀ་༔ཐོག་དགེ་རྩེ་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ཏཱའི་སི་ཏུ་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ཀུན་བདེ་གླིང་མཆོག་སྤྲུལ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག མི་འགྱུར་རྡོ་རྗེ་རིན་པོ་ཆེ་མཆོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སོགས་དང་། གཞན་ཡང་ནང་པའི་ཡུལ་གྲུ་ཤྲིལངྐ་དང་། འབར་མ། ཐེ་ལན་ཌི། བྷང་ལ་དེ་ཤི། ཀ་ཇི་ཀི་སི་ཐན། ཐེ་ཝན། སོག་པོ། ཨ་རི། ཨིན་ཡུལ། ཨ་ཕི་རི་ཀ་སོགས་རྒྱལ་ཁབ་ ༣༠ ལྷག་གི་བླ་ཆེན་དང་མཁས་དབང་ཉམས་ཞིབ་པ་སོགས་ཚོགས་ཞུགས་གནང་འདུག
དེ་ཡང་ལྷན་ཚོགས་ཀྱི་དམིགས་ཡུལ་ནི། འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན། ཁོར་ཡུག་གི་ཐོག་དེ་སྔ་བྱུང་མྱོང་མེད་པའི་གཏོར་བཤིག་གིས་གཙོས་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པ་རྣམས་སེལ་ཆེད། ནང་པའི་ལྟ་གྲུབ་གཞི་རྩར་བཟུང་བའི་ཐབས་ལམ་ཞིག་འཚོལ་ཐབས་མཛད་རྒྱུ་དང་། ཐབས་ལམ་དེ་བརྒྱུད་ནས་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གྱི་ནུས་པ་གོང་སྤེལ་གཏོང་ཐབས་ཆེད་ཡིན་འདུག
ཐེངས་འདིའི་ལྷན་ཚོགས་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་འཚོགས་རྒྱུ་དང་། ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་ལས་ཁུངས་དང་བྷི་ཧཱར་མངའ་སྡེ་ན་ལེནྡྲ་རྫོང་ནང་རྟེན་གཞི་བྱས་པའི་དཔལ་ན་ལེནྡྲའི་གཙུག་ལག་སློབ་ཁང་གསར་པ་ Nav Nalanda Mahavira University བཅས་ཡིན་འདུག།