༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །སུད་སིའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་མཚམས་གཟིགས་ཕེབས་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པ་བཀའ་ཤག་ཏུ་ཕེབས་བསུའི་སྣེ་ལེན་ཞུས་པ་དང་སྦྲགས། ཁོང་རྣམས་དང་ལྷན་བོད་དོན་དང་འབྲེལ་བའི་གལ་ཆེ་གནད་དོན་ཁག་དང་། བོད་ཀྱི་ས་བབ་ཀྱི་གནས་སྟངས་འོག་བོད་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གལ་གནད་ཆེ་ཚུལ་སོགས་ཀྱི་སྐོར་བཀའ་བསྡུར་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་དབུ་མའི་ལམ་གཞིར་བཞག་པའི་ཐོག་བོད་རྒྱ་འབྲེལ་མོལ་མགྱོགས་མྱུར་ཡོང་ཆེད་རྒྱབ་སྐྱོར་གནང་སྐྱོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རྣམས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་རྩོད་བཞིན་ཡོད་པ་དང་། དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་དང་རྒྱབ་འགལ་ཆགས་ཀྱི་མེད་སྐོར་སོགས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས། སྐུ་ཞབས་རེག་སེ་ཊི་ལར་སན་ Rex Tillerson མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གནང་གཏན་འཁེལ་སྐབས་ཁོང་གིས། པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་ངམ། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཡོང་ཐབས་སླད་མུ་མཐུད་སྐུལ་མ་བྱེད་རྒྱུ་ཡིན་སྐོར་གསུངས་པ་མ་ཟད། པེ་ཅིང་སྲིད་གཞུང་གིས་གཙོས་སྲིད་གཞུང་གཞན་རྣམས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་གུས་བཀུར། དེ་བཞིན་མི་ཉམས་རྒྱུན་འཛིན་ཡོང་བར་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་ལ་འབྱོར་ནས་མི་ལོ་ ༦༠ ལྷག་འཁོར་བའི་དྲན་གསོའི་དུས་ཚིགས་ཤིག་ཡིན་སྟབས། རྒྱ་གར་གཙོ་བོར་གྱུར་བའི་བོད་མི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་ཁག་གི་གཞུང་ནས་ད་བར་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༡༨ ལོ་འདི་བཞིན་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།
ཐེངས་འདིར་རྡ་སར་མཚམས་གཟིགས་སུ་ཕེབས་མཁན་སུད་སིའི་གྲོས་ཚོགས་འཐུས་མི་ཁོངས། ལྗང་ཁུ་ཚོགས་པའི་ལྕམ་སྐུ་མ་ཡ་གྷི་རེཕ་ Maya Graf མཆོག་གིས་གཙོས་སྤྱི་འབངས་མང་གཙོ་ཚོགས་པའི་ Civil Democratic Party ལྕམ་སྐུ་ རོས་མ་རི་ཊུ་དརྣ་ཏི་Rosmarie Quadranti ལགས་དང་། ལྕམ་སྐུ་མ་རིན་ནེ་སཏ་རེཕ་ Marianne Streiff ལགས། ལྕམ་སྐུ་པརིས་ཀ་ཧེ་མོ་ Prisca Birrer Heimo ལགས། ལྕམ་སྐུ་བར་བཱ་རཱ་གྱ་སི་ Barbara Gysi ལགས། ལྕམ་སྐུ་ གི་ན་ Gina Ruetschi ལགས་བཅས་ཕེབས་ཡོད་པ་མ་ཟད། ཁོང་རྣམས་དང་ལྷན་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་བུཅ་ལི་Thomas Buchli ལགས་དང་། ཚོགས་གཞོན་ལྷ་དབང་ནོར་ཁང་གསར་ལགས། ཚོགས་མི་པ་སངས་ལགས། དེ་བཞིན་སུད་སི་ལེཀ་ཊིན་སི་ཊེན་བོད་རིགས་ཚོགས་པའི་བདེ་སྐྱིད་ལགས་སོགས་ཆེད་ཕེབས་གནང་འདུག །