༢༠༡༦ ཟླ་ ༣ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་རྒྱལ་ཁབ་ཆེན་པོ་བཙན་འཕྲོག་བྱ་རྒྱུའི་ངན་གཡོའི་སྲིད་བྱུས་ཀྱི་གདོང་རིས་དམར་རྗེན་དུ་བཏོན་ཏེ་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་པས་མ་ཚད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་གྲབས་གཤོམ་བྱས་སྟབས། ཆོལ་གསུམ་བོད་མི་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་རང་དབང་སྒེར་ལངས་ཆེན་མོ་བྱས་པའི་བོད་མིའི་ལོ་རྒྱུས་ནང་ཤིན་ཏུ་གལ་ཆེའི་ཉིན་མོ་ཞིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོར་ཡང་ཆབས་ཅིག་ཏུ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་པས། ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ཚུན་ཡོངས་སུ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་། ད་ལྟའང་རྒྱ་དམར་གྱི་དམ་དྲག་ཅན་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་འདྲ་མིན་གྱི་དཀའ་སྡུག་མྱོང་བཞིན་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། གཞིས་བཞུགས་བོད་མི་རྣམས་དཀའ་སྡུག་ལས་མགྱོགས་མྱུར་གྲོལ་ཏེ་འཛམ་གླིང་ཡུལ་གྲུ་སྤྱི་མཚུངས་བཞིན་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སྤྱོད་ཐུབ་པའི་མཆོག་གསུམ་༸རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཞུ་རྒྱུ་ཡིན།
བོད་དང་རྒྱ་ཞེས་པ་ནི་རྒྱལ་རབས་ལོ་རྒྱུས་དང་། ས་ཁམས། མི་རིགས། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་ཡོངས་སུ་ཐ་དད་ཡིན་པ་ཀུན་གྱི་མཐོང་ཆོས་སུ་ཡོད་ཀྱང་། རྒྱ་ནག་དམར་པོའི་དཔུང་ཤུགས་བོད་ནང་བཙན་འཛུལ་གྱིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཧམ་བཟུང་བྱས་པས་མ་ཚད། བོད་མི་འབུམ་ཕྲག་མང་པོ་དམར་བསད་དང་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་བཏང་བ་དང་། བོད་ཀྱི་ཆོས་དང་། རིག་གཞུང་རྩ་མེད་དང་། ཁོར་ཡུག་ལ་གཏོར་སྐྱོན་བཏང་བ་སོགས་བཟོད་ཐབས་བྲལ་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་། རྒྱ་དམར་གྱི་དབང་བསྒྱུར་འོག་གི་སྲིད་བྱུས་གདུག་རྩུབ་ཅན་ལག་བསྟར་བྱེད་བཞིན་པ་ཁག་ལ་ད་ལྟའི་མི་རབས་འཚར་ལོངས་ཡོང་བཞིན་པ་རྣམས་ཀྱིས་ཀྱང་འདོད་མོས་མེད་པའི་ཞི་རྒོལ་རིམ་པར་སྤེལ་བཞིན་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བའི་ནང་རྒྱ་དམར་གྱི་དྲག་ཆས་ཉེན་རྟོག་པ་དང་། དམག་དཔུང་གིས་དྲག་པོའི་གོ་མཚོན་བེད་སྤྱོད་ཀྱིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་རྡུང་རྡེག་ཚབས་ཆེའི་འོག་རང་རིགས་སེར་སྐྱ་ཕོ་མོ་མང་པོའི་སྐུ་སྲོག་ཤོར་ཡོད། ལྷག་པར་རྒྱ་ནག་གཞུང་གི་མི་སེར་སྤེལ་བའི་སྲིད་བྱུས་འོག་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་ལྟ་ཞོག འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་པ་སོགས་བོད་མི་རྣམས་ཀྱི་མངོན་འདོད་དང་ཡོངས་སུ་འགལ་བའི་བྱེད་ཕྱོགས་ཁོ་ན་ལུ་གུ་རྒྱུད་དུ་ལག་བསྟར་བྱས་པས་བོད་མི་རྣམས་ཀྱིས་བཟོད་ཐབས་རྩ་བྲལ་གྱིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༨ བར་” ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས། “ཞེས་འབོད་ཚིག་འདི་གཉིས་གཙོ་བོར་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དངོས་སུ་ཤེས་རྟོགས་བྱུང་བར་མི་གྲངས་ ༡༤༥ བྱུང་ཡོད་པ་དང་། དེ་དག་གི་ཁྲོད་ནས་མི་གྲངས་ ༡༢༥ ཡི་སྐུ་སྲོག་ཤོར་བ་དང་། མི་གྲངས་ ༢༠ ཐམ་པ་འདས་གསོན་ཇི་ཡིན་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད།
ད་ལྟའི་སྐབས་སུའང་བོད་ཀྱི་བདག་པོ་བོད་མི་ཚོར་ཆབ་སྲིད་དང་། ཆོས་དད། སྐད་ཡིག རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་རང་དབང་མེད་སྟབས་དགོས་འདུན་གྱི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་མཁན་བོད་མི་རྣམས་ལ་ནག་མེད་ཉེས་འགེལ་ཐོག་འཇུ་བཟུང་བཙན་འཁྲིད་ཀྱིས་སྲོག་ཐོག་དང་། དུས་བཀག་བཙོན་འཇུག་སོགས་སྡུག་སྦྱོང་མནར་གཅོད་རྒྱུན་ཆད་མེད་པར་བཏང་དང་གཏོང་བཞིན་པ་སྟེ། བོད་མི་ཚོང་པ་བཀྲ་ཤིས་དབང་ཕྱུག་གིས་རྒྱ་གཞུང་གི་རྩ་ཁྲིམས་ནང་”གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དགོས་སྐོར་”བཀོད་པ་གཞིར་བཞག་རྒྱ་རིགས་ཀྱི་སྐད་ཡིག་ནང་བཞིན་བོད་ཀྱི་སྐད་ཡིག་ལའང་ཆེ་མཐོང་དང་། སློབ་ཁྲིད་གནང་དགོས་སྐོར་ཞུ་གཏུགས་བྱས་པ་ལ་ཉེས་འགེལ་གྱིས་བཙོན་འཇུག་བྱས་པ་ནས་གསལ་པོ་ཤེས་རྟོགས་ཐུབ།
བོད་མིའི་ཆབ་སྲིད་བཙོན་པ་རྣམས་ལ་དྲག་གནོན་སྡུག་རྩུབ་ཀྱི་སྲིད་བྱུས་ཁོ་ན་ལག་བསྟར་བྱས་པས་དུས་མིན་རྐྱེན་འདས་སུ་གྱུར་པ་དང་། བཙོན་གྲོལ་ཐོབ་ནའང་གཟུགས་གཞིའི་གནས་བབ་སོགས་ལ་ན་ཚ་ཚབས་ཆེན་ཕོག་པས་མི་རིང་བར་འདས་གྲོངས་སུ་འགྱུར་གྱི་ཡོད། ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་རྒྱ་མཚོས་”སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་”་ཞེས་པའི་ཕྱག་བྲིས་ཕྱི་ལོགས་སུ་འབྱོར་བའི་ནང་” ང་ཡི་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས་ཉམས་སོང་བ་ཡིན་ན། ཁོ་ཚོའི་འདོད་ཐོག་ལ་རྟ་རྒྱུག་པ་ཡིན་པས་ཁོ་ཚོས་ང་ཚོ་ཕམ་ཉེས་གཏོང་བྱེད་ཀྱི་ཐབས་ལམ་ལའང་འཇིགས་སྣང་དང་བསླུ་བྲིད། རྫུན་གཏམ་དང་གཡོ་ཇུས་སོགས་ཐབས་སྣ་ཚོགས་ཤིག་བེད་སྤྱོད་བྱས་ཀྱང་ང་ཡི་དམ་བཅའ་ལ་འགྱུར་བ་མེད་”ཅེས་བརྗོད་འདུག་པས་རྒྱ་གཞུང་གིས་རྫུན་གཏམ་དང་གཡོ་ཇུས་བསླུ་བྲིད་ཀྱི་བྱ་སྤྱོད་རྣམས་ཐེར་འདོན་བྱས་ཡོད།
བར་ལམ་ནས་བཟུང་བོད་མིའི་ཆོས་དད་རང་དབང་ལ་ཧ་ཅང་གི་གཏོར་བཤིག་དང་འགོག་རྐྱེན་ཆེན་པོའི་སྲིད་བྱུས་ལག་བསྟར་བྱ་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༧ ཟླ་བ་དང་པོའི་ནང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བཀའ་དྲིན་སྩལ་སྐབས་སུ་གཞིས་ལུས་བོད་མི་ཆོས་ཞུར་བཅར་འདུན་ཡོད་པ་ཁྱོན་ཆེར་ལག་ཁྱེར་མ་སྤྲད་པ་དང་། ལག་ཁྱེར་སྤྲད་ཟིན་པ་ཉུང་ཤས་ཡོད་པ་རྣམས་ལའང་ས་ཁང་སོགས་ཐོབ་ཐང་བཙན་འཕྲོག་བྱ་རྒྱུ་ཡིན་གནས་དང་། ཕྱིར་ལོག་མ་བྱས་ཚེ་ནང་མི་དང་ཁག་ཐེག་བྱེད་མི་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྡིགས་སྐུལ་ཉེན་བརྡ་བཅས་བཏང་སྟེ་འགོག་རྐྱེན་དང་བློ་ཕམ་ཚད་མེད་བཟོས་ཡོད།
རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཅས་ལ་རྣམ་ཀུན་ནས་སྐྱོན་བརྗོད་དང་། མཁྲེགས་བཟུང་གི་སྲིད་བྱུས་འཛིན་བཞིན་པར་འགྱུར་བ་གང་ཡང་བཏང་མེད་པ་མ་ཟད། བར་ལམ་ལོ་འགའི་ནང་དམ་བསྒྲགས་ཆེ་རུ་འགྲོ་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་པ་ཕྱི་གསལ་ནང་གསལ་གྱིས་ཡོངས་གྲགས་མཛད་བཞིན་ཡང་། རྒྱ་གཞུང་ནས་ད་བར་ཚུལ་མཐུན་གྱི་ཡ་ལན་གང་ཡང་བྱུང་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱས་དང་རྒྱས་བཞིན་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས། བྱེས་འཁོད་བོད་མིའི་སྒྲིག་འཛུགས་མང་ཚོགས་དང་བཅས་པའི་འབད་བརྩོན་བཅས་ལ་བརྟེན་ནས་བོད་མིར་བདེན་རྒྱབ་གནང་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་ལྟར། འདས་མ་ཐག་པའི་ལོའི་ནང་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Mr. Martin Schulz མཆོག་དང་མཇལ་འཕྲད་གནང་བ་དང་། ཅེཀ་རིག་གཞུང་བློན་ཆེན་དང་། སུ་ལོ་ཝ་ཁི་ཡའི་སྲིད་འཛིན་སྐུ་ཞབས་ Mr. Andrej Kiska བཅས་མཇལ་འཕྲད་གནང་ཡོད། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ Shri. Pranab Mukherjee མཆོག་དང་མཇལ་མོལ་གནང་བ་མ་ཟད། སྲིད་འཛིན་མཆོག་དང་ལྷན་ཕྲུ་གུའི་བདེ་དོན་དང་འབྲེལ་བའི་ལྷན་ཚོགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཡོད།
ཕྱི་ལོ་ ༢༠༡༧ ཟླ་ ༢ པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་སྐུ་ཞབས་ Mr. Rex Tillerson མཆོག་ནས་ཨ་རིའི་སྲིད་གཞུང་གསར་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། རྒྱ་གཞུང་དང་༸གོང་ས་མཆོག་གི་དབར་འབྲེལ་མོལ་ཡོང་ཐབས་དང་། ༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས་ཀྱིས་རྒྱལ་སྤྱིའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་ལ་གུས་བཀུར་དང་། བོད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་ཆེན་པོ་གནང་བཞིན་ཡོད་པའི་བཟང་ཕྱོགས་ཀྱི་རྣམ་པ་མངོན་འགྱུར་ཡོང་བཞིན་ཡོད།
དེ་བཞིན་སི་ཊར་སི་སྦག་དང་སྦར་སིལ་ཡུ་རོབ་གྲོས་ཚོགས། ཕ་རན་སི་གྲོས་ཚོགས། ཨ་རིའི་གྲོས་ཚོགས། ཨིན་ལེན་ཌི་གྲོས་ཚོགས། ཨི་ཊ་ལིའི་གྲོས་ཚོགས། འཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན། ཨོ་སི་ཊོ་ལི་ཡ་གྲོས་ཚོགས་ཀྱི་འཐུས་མི། གནས་ཡུལ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སོགས་ནས་བོད་དོན་ཐོག་རྒྱབ་སྐྱོར་གྱི་གསུང་བཤད་དང་། གསར་འགོད་གསལ་བསྒྲགས། གྲོས་ཆོད་བཅས་འཇོག་གནང་ཡོད། དེ་བཞིན་ཐའེ་ཝན་ཆབ་སྲིད་ཚོགས་པ་མཉམ་འདུས་ཀྱི་ཐོག་ནས་” ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ།”ཞིག་དང་། “ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་”ཞིག་གསར་འཛུགས་གནང་ཡོད་པ་བཅས་ཀྱིས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གྱི་ནུས་པ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད།
འདས་པའི་དུས་ཀྱི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་དོན་གྲོས་ཆོད་སྔ་རྗེས་རིམ་པ་གསུམ་བཞག་ཡོད་པ་སྟེ། དང་པོ་ཕྱི་ལོ་ ༡༩༥༩ ཟླ་ ༡༠ པའི་ནང་དང་། གཉིས་པ། ཕྱི་ལོ་ ༡༩༦༡ ཟླ་ ༡༢ པའི་ནང་། གསུམ་པ། ཕྱི་ལོ་ ༡༩༦༥ ཟླ་ ༡༢ པའི་ནང་བཅས་སུ་འཇོག་ཐུབ་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་སྐུ་ཞབས་ Mr. Antonio Guterres མཆོག་གི་ལས་ཡུན་ནང་དུའང་བོད་དོན་ལ་རྒྱབ་སྐྱོར་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་སྲུང་སྐྱོབ་རྒྱུན་གནས་ཡོང་ཐབས་བཅས་པར་ཡང་མཐུན་འགྱུར་དང་། རྒྱབ་སྐྱོར་ཕྱག་ལེན་དངོས་སུ་ཐུབ་པ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
དེ་བཞིན་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ Mr. Zeid Ra’ad Al Hussein མཆོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཐུགས་འཚབ་ཡོད་གནས་གསུངས་ཡོད་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཤིན་ཏུ་ཞན་པོ་ཡིན་པ་གསལ་པོར་བསྟན་གནང་ཡོད།
ཕྱི་ལོ་ ༢༠༡༧ ཟླ་ ༡ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་རང་དབང་ཁང་པ་ (Freedom House) ཞེས་པས་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ ༡༨ ནང་ནས། རྒྱ་ནག་དེ་སྤྱི་ཡོངས་ནས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་ ༡༥ པ་ཡིན་པ་དང་། ཆབ་སྲིད་ཀྱི་རང་དབང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ཁག་ལ་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཀྱང་ཡིན་པར་ངོས་འཛིན་ཐེར་འདོན་བྱས་ཡོད།
རྒྱ་གཞུང་གིས་བོད་རྒྱའི་ཆབ་སྲིད་གནས་སྟངས་ཐོག་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་འཛིན་པ་རྣམས་ལ་འགྱུར་བ་མ་བཏང་ཚེ་རྒྱ་གཞུང་དང་། བོད་མི་རིགས་དབར་འགལ་ཟླ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་གཞུང་ལ་ལྟ་སྟངས་ཇེ་སྡུག་ཏུ་སོང་སྟེ། ཆེ་མཐོང་ནམ་ཡང་སླེབས་ཐབས་མེད་པ་ཆགས་རྒྱུ་ཡིན། བོད་རྒྱའི་དཀའ་རྙོག་འདི་སེལ་དགོས་ན་རྒྱ་གཞུང་ཁོ་ནའི་ལག་ན་ཡོད་པས་ད་ལྟ་རྒྱ་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་ནས་༸གོང་ས་མཆོག་གིས་བསྟན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་འབྲེལ་མོལ་འགོ་འཛུགས་དང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་ཡོང་ཐབས་ལ་བསམ་ཤེས་བྱ་དགོས་ཞེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་དྲན་སྐུལ་བྱ་རྒྱུ་ཡིན།
རང་རེའི་ཕ་ཡུལ་བོད་ནང་བོད་མི་རྣམས་ཆབ་སྲིད་ཀྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་མེད་པའི་ཁར། ཆོས་དད་དང་། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྩ་ཆེའི་རིག་གཞུང་དང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་པའི་རང་དབང་མེད་པར་གནས་བཞིན་པའི་དུས་སྐབས་ཧ་ཅང་གཉན་འཕྲང་ཅན་སྔར་བོད་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་དུས་སྐབས་འདིར་རང་རེ་བྱེས་འཁོད་བོད་མི་རྒན་གཞོན་བར་གསུམ་ཚང་མས་སྔར་བས་ལྷག་པའི་སེམས་ཤུགས་ཆེར་བསྐྱེད་ཀྱིས་བོད་ཀྱི་རྩ་དོན་འགྲུབ་ཐབས་སྤྱི་དང་། ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཞུ་སྒོ་གང་ཅིར་བོད་མིའི་སྒྲིག་འཛུགས་དང་། རྒྱ་ཆེའི་མང་ཚོགས་བཅས་གཉིས་ཕྱོགས་ནས་ཕྱར་བ་གྲུ་འདེགས་ཀྱི་ཤུགས་གནོན་རྒྱག་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ལེགས་པར་གྲུབ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་ནས་དགུང་གྲངས་བརྒྱ་ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། རང་རིགས་བོད་མི་རྣམས་དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱིས་མགོན་པོ་གང་གི་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་བོད་མིའི་ལས་འགན་གལ་ཆེ་ཞིག་ཡིན་པས་ངོ་ལྐོག་མེད་པར་རང་འགན་རང་སྲུང་གིས་བོད་མིའི་འཐབ་རྩོད་དང་། སྤྱི་ཚོགས་ཀྱི་ཆེ་མཐོང་སོགས་གང་སར་ཞན་ཆར་མི་འགྲོ་བར་དུས་རྟག་ཏུ་འབད་བརྩོན་གནང་དགོས།
བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ ལྷག་སོང་བའི་སྐབས་འདིར། ང་ཚོར་ཕ་ཡུལ་གཉིས་པ་ལྟ་བུའི་མཛའ་བརྩེའི་མཐུན་འགྱུར་རོགས་རམ་གནང་མཁན་རྒྱ་གར་གཞུང་དང་མི་མང་། བོད་དོན་བདེན་པའི་འཐབ་རྩོད་དང་། བྱེས་འཁོད་བོད་མིར་ཤེས་ཡོན་དང་། འཕྲོད་བསྟེན་སོགས་ལ་དཔལ་འབྱོར་མཐུན་རྐྱེན་རོགས་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་སོགས་ཚང་མར་བཀའ་དྲིན་དྲན་བཞིན་པའི་སྒོ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་གཞིས་བྱེས་བོད་མི་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ལ།། །།