༢༠༡༧ ཟླ་ ༣ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། དྲིལ་བསྒྲགས་ལས་ཁུངས་ཀྱི་བོད་ཨིན་རྒྱ་གསུམ་དང་བོད་ཀྱི་བརྙན་འཕྲིན་ཚན་པ་བཅས་ཀྱི་གསར་ཤོག་དང་། དུས་དེབ། དེ་བཞིན་དྲ་རྒྱ་དང་བརྙན་འཕྲིན་ཐོག་སྤེལ་བཞིན་པའི་གསར་འགྱུར་བརྒྱུད་ལམ་ཚན་པ་སོ་སོའི་འབྲེལ་ཡོད་ལས་བྱེད་རྣམས་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་དྲིལ་བསྒྲགས་འགན་འཛིན་ལྕམ་སྐུ་ཀེ་ཊི་སོན་ཌར་སི་ Kate Saunders ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་སྤེལ་ཕྱོགས་ཀྱི་ཐབས་ལམ་ཐོག་ལམ་སྟོན་གནང་ཡོད།
སྐབས་དེར་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་བཅས་ཕེབས་ཡོད། དེ་ཡང་ཐོག་མར་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་བསྟུན་སློབ་སྟོན་པ་ཀེ་ཊི་སོན་ཌར་སི་ལགས་ཀྱིས། དེང་སྐབས་བརྡ་འཕྲིན་གྱི་དུས་སྐབས་འདིར། རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཀྱི་ཐབས་ལམ་གསར་པ་ཞིག་ཐོག་ནས་བོད་དོན་རྒྱབ་སྐྱོར་གོང་མཐོར་གཏོང་ཐབས་གནང་དགོས་པ་དང་། དེའི་ཆེད་འཛམ་གླིང་ཕྱི་ལ་བོད་དེ་ངོ་སྤྲོད་གནང་སྐབས་དེ་སྔའི་ལམ་ལུགས་རྙིང་པ་དེ་རང་གཞིར་བཞག་ཐོག་ནས་ཕྱིན་པ་ཡིན་ན། དུས་ཚོད་དང་མཉམ་དུ་གོམ་པ་སྤོ་ཐུབ་ཐབས་མེད་རྐྱེན། དེང་སྤྱི་ཚོགས་ཀྱི་དོ་སྣང་དང་དགོས་མཁོ་སོགས་གཞི་རྩར་བཟུང་ནས་བོད་དེ་འཛམ་གླིང་ཕྱི་ལ་ངོ་སྤྲོད་གནང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྟབས། ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་ཚན་པ་དེ་བརྒྱུད་ལམ་ཧ་ཅང་གལ་ཆེ་ཡིན་སྐོར་ངོས་འཛིན་ཐོག་ཐབས་ལམ་གསུམ་སྟེ། ༡༽ ཐོག་མར་གནས་ཚུལ་སྔ་ཕྱི་གོ་རིམ་སྒྲིག་དགོས་པ་དང་། གོ་རིམ་སྒྲིག་སྐབས་གནས་ཚུལ་གལ་ཆེ་ཆུང་ལ་ལྟ་དགོས་པ། ༢༽གནས་ཚུལ་མཁོ་སྒྲུབ་དང་གནས་ཚུལ་གང་མང་བསྡུ་རུབ་བྱ་རྒྱུ། ༣༽གནས་ཚུལ་བཟོ་སྐབས་ཐོག་མར་འགོ་འཛུགས་སྟངས། བར་དུ་གནས་ཚུལ་དེའི་རྒྱས་བཤད། མཐར་མཇུག་སྡོམ་སྟངས་སོགས་ཇི་ལྟར་བྱེད་དགོས་པའི་ཐོག་ལམ་སྟོན་རྒྱས་བཤད་གནང་བ་དང་སྦྲགས།
ལྷག་པར་ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཤུགས་ཆེར་འགྲོ་བཞིན་ཡོད་སྟབས་རིག་གཞུང་དེ་གཞི་རྩར་བཟུང་ནས་བོད་དོན་དྲིལ་བསྒྲགས་སྤེལ་ཐབས་བྱེད་དགོས་པ་དང་། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་གོ་ལའི་ཁོར་ཡུག་གནས་སྟངས་དང་ཧ་ཅང་འབྲེལ་བ་ཆེ་བའི་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་གཞི་རྩར་བཟུང་ནས་བོད་དོན་དྲིལ་བསྒྲགས་སྤེལ་དགོས་པ། དེ་བཞིན་བོད་མི་ཚོས་རང་གི་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་སོགས་སྲུང་སྐྱོབ་ཆེད་རྒྱ་ནག་གཞུང་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ངོ་རྒོལ་གནང་བཞིན་པ་བཅས་གཞི་རྩར་བཟུང་ནས་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་གནང་དགོས་པ་གལ་ཆེ་སྐོར་དང་།
དེ་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དང་། དེ་བཞིན་བོད་དེ་རྒྱ་ནག་ལ་ས་བབ་དང་དཔལ་འབྱོར་གནས་སྟངས་ཐོག་ནས་གལ་ཆེ་ཚུལ་དང་། དེ་ཡང་སྲིད་འཛིན་ཞི་ཅིང་པིང་གིས། རྒྱལ་ནང་གི་བདེ་འཇགས་སྲུང་བར་མཐའ་མཚམས་སྲུང་དགོས་པའི་ཐབས་བྱུས་འོག ཁོ་པས་བོད་ནང་གི་བརྟན་ལྷིངས་ཇི་ཙམ་གལ་ཆེར་འཛིན་བཞིན་པའི་སྲིད་བྱུས་དེ་དག་ང་ཚོས་རྒྱུས་ལོན་དགོས་པ་ཧ་ཅང་གལ་ཆེ་ཚུལ་གསུངས། གཞན་ཡང་ལྕམ་སྐུ་ཀེ་ཊི་ལགས་ཀྱིས། རྒྱ་ནག་གིས་དེང་སྐབས་དཔལ་འབྱོར་དང་དམག་ཤུགས་ངོམས་ནས་རྒྱལ་སྤྱིའི་ལས་འཆར་རྣམས་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། བོད་མི་ཚོས་རང་གི་ཐུན་མིན་ངོ་བོ་སྲུང་སྐྱོབ་ཐོག་ནས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐབས་བྱེད་དགོས་པ་དང་། གལ་ཏེ་བོད་མིའི་ཐབས་རྩོད་ལ་ལམ་ལྷོང་བྱུང་བ་ཡིན་ན་རྒྱ་ནག་ནང་དུ་ཤུགས་རྐྱེན་ངེས་པར་དུ་སྤྲོད་རྒྱུ་དང་། དེའི་བརྒྱུད་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་རྣམ་པར་ཡང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ། ཅེས་གསུངས།
ལྕམ་སྐུ་ཀེ་ཊི་སོན་ཌར་སི་ལགས་ནི་རྩོམ་པ་པོ་དང་གསར་འགོད་ལས་རིགས་ཐོག་སློབ་སློབ་གཉེར་གནང་མྱོང་ཡོད་པ་དང་། ལྷག་པར་འདས་པའི་ལོ་ངོ་ ༡༥ ཙམ་རིང་གསར་འགོད་པ་དང་ཤེས་ལྡན་མི་སྣ། གྲོས་ཚོགས་འཐུས་མི་དང་སྲིད་གཞུང་ཁག་གི་བློན་ཆེན་སོགས་ཀྱིས་བོད་ཀྱི་གནད་དོན་སྐོར་བསམ་འཆར་དང་ལམ་སྟོན་ཞུ་ཡུལ་ཞིག་ཡིན་པ་མ་ཟད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བོད་དོན་སྙན་ཐོ་འདོན་སྤེལ་སོགས་ལས་གཞི་སྣ་མང་ཐོག་མཐུན་འགྱུར་གནང་ཡོད་པ་མ་ཟད། དམྱལ་ཁམས་བཅོ་བརྒྱད་ཀྱི་ལོ་རྒྱུས། ཞེས་རྒྱ་ནག་གི་ངལ་བཙོན་ Gulag ནང་གི་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏོང་བཞིན་ཡོད་པའི་ལོ་རྒྱུས་ཤིག་བྲིས་ནས་ཕྱི་ལོ་ ༡༩༩༦ ལོར་པར་འགྲེམས་ཞུས་ཡོད་པ་བཅས།།