༢༠༡༧ ཟླ་ ༣ ཚེས་ ༡༣ རེས་གཟའ་ཟླ་བ།

ཨ་མི་ཡེན་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་བྷི་རི་གེ་ཏེ་ཕོ་རེ་མཆོག་དང་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས།
༄༅། །ཕ་རན་སིའི་ཨ་མི་ཡེན་ Amiens གྲོང་སྡེའི་ས་ཁུལ་དུ་གནས་སྡོད་བོད་རིགས་རྣམས་ཀྱིས་ཨ་མ་ལགས། ཞེས་ཡོངས་གྲགས་གཅེས་མིང་དུ་འབོད་སྲོལ་ཡོད་པའི་ཕ་རན་སི་མི་སེར་ལྕམ་སྐུ་ཡོ་ལན་ཀོ་མོན་ Yoland Caumont ལགས་ཀྱིས་ལོ་ངོ་བཅུ་ཕྲག་རིང་ནས་ AEMT ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཏེ་ལས་འགུལ་སྤེལ་བཞིན་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་ཏེ་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ བསླེབ་ལ་ཉེ་བའི་སྐབས་གྲོང་སྡེའི་ནང་བོད་ཀྱི་དུས་སྟོན་ཐེངས་ ༡༦ གོ་སྒྲིག་གནང་འདུག
དེ་ཡང་དུས་སྟོན་ཐོག་ཨ་མི་ཡེན་གྲོང་སྡེའི་སྤྱི་ཁྱབ་པ་ལྕམ་སྐུ་བྷི་རི་གེ་ཏེ་ཕོ་རེ་ Brigitte Foure མཆོག་དང་སྐུ་མགྲོན་གཙོ་བོ་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་རྣམ་གཉིས་མཇལ་འཕྲད་གནང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་ལ་འགྲེལ་བརྗོད་ཞུས་པ་དང་སྦྲགས་ད་བར་བོད་དོན་རྒྱབ་སྐྱོར་དང་བཙན་བྱོལ་བོད་མིའི་ལས་གཞིའི་ཐོག་ AEMT བརྒྱུད་རྒྱབ་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། གྲོང་སྡེའི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་བདེ་དོན་སླད་མུ་མཐུད་མཐུན་འགྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག བོད་དོན་རྒྱབ་སྐྱོར་གནང་མཁན་ AEMT ཞེས་པའི་ཚོགས་པ་དེས་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་དང་ཡུན་རིང་ནས་འབྲེལ་བ་ཡོད་འདུག

ཐེངས་འདིར་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྐབས་བརྗོད་གཞི་གཙོ་བོ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཡིན་པར་བརྟེན། ས་གནས་དེའི་ཁྲིམས་ཀྱི་མཐོ་སློབ་ཅིག་གི་ཚོགས་ཁང་ Law University Hall ནང་དུ་ཁོར་ཡུག་ཉམས་ཞིབ་པ་སྐུ་ཞབས་མེ་ཁལ་བྷག་ལི་ Michel Buckley ལགས་ཀྱིས་བཟོ་སྐྲུན་གནང་བའི། བོད་ཀྱི་གཏེར་ཁ་འཕྲོག་བཅོམ་དང་གངས་རི་བཞུ་བཞིན་པ། Plundering Tibet and Meltdown Tibet ཞེས་པའི་དངོས་བྱུང་གློག་བརྙན་བསྟན་འདུག དེ་རྗེས་བོད་ཀྱི་ཁོར་ཡུག་སྐོར་བགྲོ་གླེང་ལྷན་ཚོགས་འཚོགས་སྐབས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མང་ཚོགས་ཀྱི་དོགས་འདྲིར་ལན་འདེབས་གསལ་ཞིབ་ཕྲ་གནང་འདུག

ཕྱོགས་མཚུངས་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཝར་སུ་སེལ་ལེའི་ Vers sur Selles གྲོང་གསེབ་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་དང་། སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་སྤྱི་ཁྱབ་པ་གཞོན་པ་སོགས་ཆེད་ཕེབས་གནང་འདུག
གྲོང་གསེབ་དེས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འགྲམ་དུ་ཆགས་པའི་བདེ་ཆེན་ས་ཁུལ་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། སྤྱིར་ཕ་རན་སིའི་གྲོང་གསེབ་ས་ཁུལ་འདྲ་མིན་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་པ་མ་ཟད། ལྷག་པར་གསུམ་བཅུའི་དུས་དྲན་ཉིན་གྲོང་ཁྱེར་དང་གྲོང་སྡེའི་ས་ཁུལ་འདྲ་མིན་ ༦༠༠ ཙམ་གྱི་ནང་དུ་ཕ་རན་སིའི་རྒྱལ་དར་གྱི་ཟུར་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
དེ་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་ AEMT ཞེས་པ་དེས་སྔ་ལོའི་ཕྱི་ཟླ་ ༡༠ ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་མགྲོན་འབོད་གནང་ནས་བོད་དོན་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་མྱོང་ཡོད་པ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༠༣ དང ༢༠༠༥ སོ་སོར་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དེ་སྔ་རྒྱལ་ས་པེ་རི་སིའི་སྐུ་ཚབ་དོན་གཅོད་ལས་ཁུར་ཞུ་སྐབས། རྒྱབ་སྐྱོར་ཚོགས་པ་ AEMT ཞེས་པས་གོ་སྒྲིག་གནང་བའི་ལས་འགུལ་ཁག་ཏུ་མཉམ་ཞུགས་གནང་བ་བྱུང་འདུག །