༢༠༡༧ ཟླ་ ༣ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ནས་བདུན་ཕྲག་གཅིག་རིང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཁལ་རི་སོན་ Michel Raison མཆོག་དང་། ཚོགས་གཞོན་སྐུ་ཞབས་ཨེན་ཌི་རི་གྷ་ཊོ་ལིན་ Andre Gattolin མཆོག་དང་ལྕམ་སྐུ་ཨེ་ནིག་བྷི་ལོན་ Annick Billon མཆོག དེ་བཞིན་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་ཐེ་རེ་མུ་ནིར་ Thierry Munier ལགས་བཅས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་སར་འཚམས་གཟིགས་སུ་ཕེབས་ཡོད།
དེ་ཡང་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་རྡ་སར་གནས་སྡོད་རིང་གསུམ་བཅུའི་དུས་དྲན་ཐེངས་ ༥༨ པའི་གཞུང་འབྲེལ་མཛད་སྒོ་དང་། བོད་ཀྱི་བུད་མེད་ཉིན་མོའི་གཞུང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་འདུག
དེ་བཞིན་ཁོང་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པ་མ་ཟད། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་དང་མཇལ་འཕྲད་གནང་འདུག ཕྱོགས་མཚུངས་ཕྱི་དྲིལ་དྲུང་ཆེ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བཅས་དང་ལྷན། བོད་མིའི་རང་དབང་སླར་གསོའི་འཐབ་རྩོད་དང་དབུ་མའི་ལམ་གྱི་སྲིད་བྱུས། བོད་ཀྱི་ཁོར་ཡུག་གི་གལ་གནད་སོགས་ཀྱི་སྐོར་གོ་བསྡུར་གནང་བསྟུན། ཁོང་རྣམས་རྡ་ས་གཙོ་བོར་གྱུར་བའི་ཉེ་འགྲམ་ས་ཁུལ་ཁག་ཏུ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་སོགས་སུ་གཟིགས་སྐོར་གནང་སྟེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དངོས་སུ་གཟིགས་ཐུབ་ཡོད་པ་མ་ཟད། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འཐུས་མི་མཉམ་གོ་བསྡུར་ཡང་གནང་ཡོད།
སྐུ་ཚབ་འཐུས་མི་རྣམས་ཀྱིས་བོད་མིའི་རང་དབང་སླར་གསོའི་འཐབ་རྩོད་དང་། བོད་ཀྱི་ཐུན་མིན་ཆོས་དང་ལེགས་བྱང་སོགས་བཙན་བྱོལ་དུ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ལས་འགུལ་ལ་བསྔགས་བརྗོད་གནང་བ་མ་ཟད། ཐེངས་འདིར་ཁོང་རྣམས་རྡ་སར་ཕེབས་ཐུབ་པ་དེས་བོད་མིའི་འཐབ་རྩོད་ཐོག་ཆོད་སེམས་སྔར་ལྷག་སྲ་བརྟན་དང་། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་བཅས།།