༢༠༡༧ ཟླ་ ༣ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་དཔལ་ས་སྐྱའི་མ་དགོན་དུ། ས་སྐྱ་༸གོང་མ་རིན་པོ་ཆེའི་གདུང་སྲས་བགྲེས་པ་༸གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་སྐྱའི་ཁྲི་འཛིན་ ༤༢ པའི་མཚན་གསོལ་ཞུས་ཏེ། ཆོས་ཕྱོགས་དང་ཕྱི་ལུགས་ཀྱི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་ཡོད་པ་དང་། དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༦ ཐོག་སྐྱབས་མགོན་༸གོང་མ་ཁྲི་ཆེན་ ༤༡ པ་ཆེན་པོ་མཆོག་དབུ་བཞུགས་ཐོག་བརྟན་བཞུགས་ཀྱི་སྒྲུབ་བཞག་མཛད་ཡོད་པ་དང་ཆུ་ཚོད་ ༨་༣༠ ཐོག་སྐྱབས་མགོན་༸གོང་མ་རཏྣ་བཛྲའམ་ངག་དབང་ཀུན་དགའ་བློ་གྲོས་དབང་ཕྱུག་རིན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ས་སྐྱའི་སྒྲོལ་མ་ཕོ་བྲང་ནས་ཕོ་བྲང་རྣམ་གཉིས་ཀྱི་སྐུའི་གདུང་སྲས་རྣམ་པ་དང་ངོར་མཁན་པོ་ཁྲི་པས་དབུས་གདན་ས་ཁག་གི་མཁན་ཞབས་དྲུང་རྣམ་པ།
༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་མཆོག་དང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་རྣམ་པས་གཙོས་ཕྱི་ནང་གི་སྐུ་མགྲོན་སྟོང་ཚོ་མང་པོས་གནའ་དེང་གིས་ཕེབས་བསུ་ཟབ་རྒྱས་ཀྱི་ཐོག་ནས་ས་སྐྱ་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་དུ་གདན་ཞུ་གནང་།
ཆུ་ཚོད་ ༩ པར་སྐྱབས་མགོན་༸གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་ཁྲི་ཆེན་ ༤༡ པ་ཆེན་པོ་མཆོག་ལ་མནྜལ་སྐུ་གསུམ་ཐུགས་རྟེན་འབུལ་མཚམས་གསེར་ཁྲིར་ཞབས་སོར་འཁོད་ཡོད་པ་དང་། མཛད་གཙོ་རྣམ་པའི་མཇལ་དར་དང་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དེ་ནས་གདུང་སྲས་སྐུ་གཞོན་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་ཀྱི་མཎྜལ་ལྗགས་བཤད་མཛད་གྲུབ་བསྟུན་བླ་བྲང་ཁག་དང་དགོན་སྡེ་གྲྭ་ཚང་ཁག ཡུལ་གྲུ་གང་ས་ནས་ཕེབས་པའི་ཆོས་ཚོགས་ཁག ཚོགས་སྡེ་བཅས་ནས་རིམ་བཞིན་མནྜལ་སྐུ་གསུང་ཐུགས་རྟེན་འབུལ་ལམ་ཞུས་ཏེ་སྔ་དྲོ་མཛད་རིམ་ལེགས་པར་གྲུབ།
ཉིན་རྒྱབ་སྐྱབས་མགོན་༸གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་སྔོན་གྱི་ཕྱག་སྲོལ་ལྟར་སེར་སྐྱ་མི་མང་ལ་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཐུབ་པ་དགོངས་གསལ་གྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་རིམ་གྲུབ། ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༦ ཐོག་མང་ཚོགས་ནས་གསུམ་བཅུའི་དུས་དྲན་སྲུང་རྩི་གནང་ཡོད་པ་དང་། ཆུ་ཚོད་ ༩ ་༣༠ནས་ཕྱི་ལུགས་ཀྱི་མཛད་སྒོ་ལྟར་གསུང་འཕྲིན་དང་གཏམ་བཤད་ཁག་ས་པན་རྣམ་ཐར་གྱི་འཁྲབ་སྟོན་བཅས་གནང་ཡོད།
ཕྱི་ཚེས་ ༡༡ ཉིན་ས་སྐྱ་སྨོན་ལམ་ཐེབས་རྩའི་གོ་སྒྲིག་འོག་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་སྐྱབས་མགོན་༸གོང་མ་ཁྲི་ཆེན་ ༤༡ པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཏེ་ཁྲི་སྟོན་ལེགས་པར་གྲུབ།

