༢༠༡༧ ཟླ་ ༣ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ ཐོག་གསུང་བཤད་སྒྲོགས་སྦྱང་གནང་བ་དང་སྦྲགས་གསུང་དོན། བོད་མིའི་སྤྱི་ཚོགས་ཁྲོད་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་བོད་མི་ཉུང་ཤས་རིགས་ཡོང་བཞིན་ཡོད། ཉེ་ཆར་ཨ་རིའི་མཐོ་སློབ་ཀྱི་དགེ་རྒན་ཞིག་འདས་གྲོངས་སོང་སྐབས། བོད་མི་ཞིག་གིས་རྩོམ་ཞིག་བྲིས་པའི་ནང་ལོ་ ༡༡༣ ལ་སྡོད་དགོས་མཁན་དེ་ཁྱེད་ཡིན། ཞེས་མཐོ་སློབ་ཀྱི་དགེ་རྒན་དེར་བྲིས་ཡོད།
བོད་མི་ཡིན་པའི་ཆ་ནས་བཀའ་ཤག་ཡིན་པའི་ཆ་ནས་༸གོང་ས་མཆོག་ལ་དེ་འདྲའི་ཟུར་ཟ་ཞུས་ཚེ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོ་རང་གིས་རྩོམ་བྲིས་པ་དེ་ཐབས་སྐྱོ་པོ་རེད། དེ་འདྲ་བྲིས་པའི་རྐྱེན་གྱིས་བོད་མིའི་སྤྱི་ཚོགས་ནང་བརྡབ་གསིག་འགྲོ་བ། དཀྲོག་གཏམ་སྤེལ་བ། དགྲ་དགའ་གཉེན་སྡུག་ཆགས་ཡོང་གི་རེད། སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཟུར་ཟ་བྱས་ན་འགྲིག་གི་མ་རེད།
ཨ་རི་ཡིན་ན་སྨྲ་བརྗོད་རང་དབང་ཡོད་རེད། དེ་གཞིར་བཟུང་ཨ་རིའི་རྒྱལ་དར་མེར་སྲེག་དང་ཆོས་ལུགས་ཀྱི་དཔེ་ཆ་མེར་སྲེག་བཏང་ཡང་ཆོག འོན་ཀྱང་རྒྱ་གར་ནང་སྨྲ་བརྗོད་རང་དབང་ཡོད་ཀྱང་རྒྱ་གར་ཡུལ་གྱི་རྒྱལ་དར་མེར་སྲེག་གཏང་བ་དང་རྒྱལ་དར་གྱི་གོས་ལོག་བཟོ་རྒྱུ་ལྟ་ཞོག་རྒྱལ་དར་བཤམ་སྟངས་ནོར་བ་ཡིན་ནའང་ཁྲིམས་གཏུག་བྱེད་ཀྱི་ཡོད།
རྒྱ་གར་ནང་དཔེ་ཆ་མེར་སྲེག་བཏང་ན་རྙོག་གྲ་ཆེན་པོ་ཆགས་རྒྱུ་རེད། སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་ང་ཚོ་བོད་ཀྱི་རྒྱལ་དར་མེར་སྲེག་གཏོང་རྒྱུ་ཡིན། ཞེས་དང་། བཀའ་འགྱུར་བསྟན་འགྱུར་མེར་སྲེག་བཏང་བ་སོགས་བྱས་ན་ང་ཚོས་ཁས་ལེན་ཐུབ་ཐབས་རྩ་བ་ནས་མེད། སྨྲ་བརྗོད་རང་དབང་ལ་མཚམས་ཡོད་རེད།
༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ད་ལྟ་བར་བོད་རྒྱལ་ཁབ་དང་མི་རིགས་ལ་༸སྐུ་ཕྲེང་ ༡༤ ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་བྱུང་མེད། སྤྱན་རས་གཟིགས་དང་བོད་ཁ་བ་གངས་ཅན་པ་གཉིས་ཀྱི་འབྲེལ་བ་དེ་ཁ་བྲལ་ཐབས་མེད། ང་ཚོ་བཙན་བྱོལ་ལ་འབྱོར་ནས་མང་གཙོ་ཟེར་ནའང་རེད། སྨྲ་བརྗོད་རང་དབང་ཟེར་ནའང་རེད། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཟུར་ཟ་བྱས་ན་མཐའ་གཅིག་ཏུ་ནོར་བ་དང་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
འགའ་ཤས་ཀྱིས་ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་ལའང་སྐྱོན་བརྗོད་ཆོག་གི་ཡོད། དེར་བརྟེན་ང་ཚོས་༸གོང་ས་མཆོག་ལ་མཚན་སྨོད་ཞུ་མ་ཆོག་པ་གང་ཡིན། ཞེས་དེ་འདྲའི་དྲི་བ་གཏོང་མཁན་ཡོང་བཞིན་ཡོད། ཨ་རིའི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་ལྟ་བུར་མཚོན་ན། སོ་སོས་དང་དུ་བླངས་ནས་ང་སྲིད་འཛིན་འོས་བསྡུར་ལངས་རྒྱུ་ཡིན། ངས་མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན། ཞེས་དེ་འདྲ་བྱས་ནས་ཡོང་བ་ཞིག་ཆགས་ཡོད།
དེར་བརྟེན་འགྲིག་པ་ཡིན་ན་མི་མང་གིས་བསྔགས་བརྗོད་དང་། མ་འགྲིག་པ་ཡིན་ན་སྐྱོན་བརྗོད་ཡོང་བ་མ་ཟད། སྐབས་རེ་འགྲིག་པ་ཡིན་ནའང་སྐྱོན་བརྗོད་བྱེད་མཁན་རིགས་ཡོང་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུར་མཚོན་ན། ༸སྐུ་གཞོན་ནུའི་དུས་ནས་རང་དབང་མེད་པར་ཨ་མདོ་སྨད་སྟག་འཚེར་ནང་སྐུ་ཕྲེང་༡༤ པར་བོད་གཞུང་གིས་ངོས་འཛིན་ཞུས་ཏེ། ལྷ་སར་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་པ་རེད།
རྗེས་སུ་དགུང་ལོ་ ༡༦ སྐབས་རྒྱ་མིའི་དམག་མི་བོད་ལ་སླེབས་རྗེས་ཛ་དྲག་གི་དུས་སྐབས་སུ། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཛད་དགོས་པའི་གསོལ་བ་ཕུར་ཚུགས་སུ་བཏབས་པ་རེད།
དེ་ནས་མགོན་པོ་གང་ཉིད་མཆོག་དགུང་ལོ་ ༢༠ རྩ་གྲངས་སྐབས་རྒྱ་མིས་བོད་བཙན་བཟུང་བྱས་རྗེས་རྒྱ་གར་ནང་བྲོས་བྱོལ་དུ་འབྱོར་མཚམས་ང་ཚོར་སྟོན་རྒྱུ་གང་ཡང་མེད། འོན་ཀྱང་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་འཛམ་གླིང་ནང་ང་ཚོ་སྤོབས་པ་བྱས་ནས་འགྲོ་ཐུབ་པ་དེ་འདྲ་རེད། དེར་བརྟེན་བཀའ་དྲིན་དེ་དག་ང་ཚོས་མ་བརྗེད་པའི་ཐོག་ནས་དུས་རྟག་ཏུ་མགོན་པོ་གང་ཉིད་མཆོག་ལ་བརྩི་བཀུར་དང་དད་གུས་ཞུ་དགོས་པ་མ་ཟད། བཀའ་ཤག་ནས་དགུང་ལོ་ ༡༡༣ ལྷག་ལ་བཞུགས་དགོས་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན། ཞེས་བཀའ་ཤག་ནས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་སྐབས་སེར་སྐྱ་མང་ཚོགས་རྣམས་ཀྱིས་དགའ་བསུའི་ཐལ་མོ་དྲག་ཏུ་བརྡབ་ནས་འཚམས་འདྲི་ཞུས་འདུག་པ་བཅས།།