༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༧ ཟླ་ ༣ ཚེས་ ༩ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཐེ་ཝན་རང་དབང་ཐང་ཆེན་མདུན་ཐང་དུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་གནང་བ་རེད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པ་རྣམས་ལ་འགྲེམས་སྟོན་དང་འབྲེལ་བའི་ངོ་སྤྲོད་གནང་སྐབས་གསུང་དོན། ཐེ་ཝན་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་ཁྲོམ་སྐོར་དེ་ཚེས་ ༥ ཉིན་ལས་འགུལ་སྤེལ་དགོས་དོན་ནི། ༡༩༨༨ཕྱི་ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་སྙིང་སྟོབས་ཆེན་པོས་གཞི་རྒྱ་ཆེ་བའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ཁྲོམ་སྐོར་དང་།
དེ་རྗེས་ ༡༩༨༩ ཕྱི་ཟླ་ ༣ ཚེས་ ༥ ནས་ཚེས་ ༧ བར་སྔར་བཞིན་ཆེས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཕྱི་ཟླ་ ༣ ཚེས་ ༨ ནི་ ༡༩༨༩ ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་དམག་ཁྲིམས་བྱས་པའི་དུས་དྲན་དེ་ཡིན། གཞན་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཅིག་འབྲི་བ་དང་། བོད་མིའི་ངོས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འབྲི་བཞིན་ཡོད། ཐེངས་འདིར་འགྲེམས་སྟོན་བྱེད་པའི་ནང་དོན་ནི་ཕྱི་རྒྱལ་མི་རིགས་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡིན་པ་སོགས་འགྲེམས་སྟོན་གོ་སྒྲིག་ཞུས་པའི་དགོས་དམིགས་ངོ་སྤྲོད་གནང་རྗེས། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གིས་ཕྱི་ཟླ་ ༢ ཚེས་ ༡ ནས་རེས་གཟའ་ལྷག་པ་འཆར་ཅན་ལ་རྐང་འཁོར་བཞོན་ཏེ་གསུམ་བཅུའི་དུས་དྲན་ཆེད་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་མཐའ་མ་དེ་ཡིན་པ་དང་། རྐང་འཁོར་བཞོན་མཁན་ཐེ་ཝན་དང་བོད་མི་གཞོན་སྐྱེས་ཚོས་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་དགོས་དོན་སོགས་ངོ་སྤྲོད་གནང་།
དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་འགྲེམས་སྟོན་གྱི་ནང་དོན་ཆ་ཚང་ངོ་སྤྲོད་དང་དྲི་བ་ཁག་ལ་གསལ་བཤད་གནང་རྗེས། རྐང་འཁོར་བཞོན་ཏེ་བོད་དོན་ངོ་སྤྲོད་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་གཡོག་གནང་བ་རེད། དེ་ཉིན་ཆར་པ་བབ་ཀྱང་ལས་འགུལ་སྤེལ་མཁན་རྣམས་ཀྱིས་མུ་མཐུད་རྐང་འཁོར་བཞོན་ཏེ་བོད་དོན་ཁྱབ་བསྒྲགས་བྱེད་པར་བསྐྱོད།
འགྲེམས་སྟོན་གྱི་ནང་དོན་གཙོ་བོ་ནི་ཕ་རན་སིའི་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་རྩོམ་སྒྲིག་གནང་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བརྙན་དེབ་ཡིན་ཞིང་། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་འགྲེམས་སྟོན་ཚན་པས་དབྱིན་ཡིག་ཐོག་པར་སྐྲུན་དང་། ཕྱི་འབྲེལ་རྒྱ་ཡིག་ཚན་པས་འགན་ཁུར་གྱིས་རྒྱ་ཡིག་ཐོག་ཕབ་སྒྱུར། ཐེ་ཝན་གངས་ལྗོངས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་ཐོག་པར་སྐྲུན་གནང་ཡོད་པ་རེད།
འགྲེམས་སྟོན་གྱི་པར་རིས་རྣམས་བོད་ལུགས་ཀྱི་རས་གུར་ནང་བཤམས་ཡོད་པ་དང་། ཚེས་ ༡༠ དགོང་དྲོར་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་བརྩི་མཚོན་ཆེད་ཞི་བའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་སོགས་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༨ ཉིན་འགྲེམས་སྟོན་མཇུག་སྒྲིལ་གནང་རྒྱུ་ཡིན་པ་བཅས།།