༢༠༡༧ ཟླ་ ༣ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ཉིན་ཐེ་ཝན་ལྷོ་བྱང་ས་གནས་ཁག་གཉིས་སུ་གསུམ་བཅུའི་དུས་དྲན་ཐེངས་ ༥༨ དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་བོད་མི་སེར་སྐྱ་དང་། ཐེ་ཝན་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་ཐེ་ཝན་ལྷོ་ཕྱོགས་ནན་ཐའོ་ས་ཁུལ་དུ་ཆགས་པའི་ཐེ་ཝན་བླ་རི་ཞེས་པའི་རི་བོར་བསྐྱོད་ནས་བོད་ཀྱི་དཔའ་བོའི་རྡོ་རིང་མདུན་རྗེས་དྲན་གུས་འདུད་དང་། དཀར་གཙང་མཇལ་དར་བསྒྲོན་པ། སྨོན་ལམ་གསུང་འདོན་སོགས་གནང་རྗེས། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་། ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅོ་ལྔ་ཡི་མིང་ཐོག་ནས་མྱ་ངན་མེ་ཏོག་ཕུལ། ཐེ་ཝན་བླ་རིར་བཞེངས་པའི་བོད་ཀྱི་དཔའ་བོའི་རྡོ་རིང་ནི་ཕྱི་ལོ་ ༢༠༡༤ ལོར་ཐེ་ཀྲུང་ས་གཞི་ཐེབས་རྩ་ཚོགས་པས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གསར་དུ་བཞེངས་པའི་བོད་ལུགས་མཆོད་རྟེན་བཟོ་དབྱིབས་ཅན་གྱི་རྡོ་རིང་ཞིག་ཡིན་པ་དང་། རྡོ་རིང་མདུན་ངོས་སུ་བོད་ཀྱི་རྒྱལ་དར་དང་། གཡས་གཡོན་ངོས་སུ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མཚན་བོད་རྒྱ་ཡིག་རིགས་གཉིས་ཐོག་རྡོ་བརྐོས་གནང་ཡོད་པ་རེད།
དགོང་དྲོ་ཆུ་ཚོད་ ༧ ཐོག་ཐེ་ཝན་རྒྱལ་ས་ཐེ་པེ་རང་དབང་ཐང་ཆེན་མདུན་གསུམ་བཅུའི་དུས་དྲན་དངོས་གཞིའི་མཛད་སྒོའི་ཐོག་མར་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུམ་དུས་གསུང་འཕྲིན་སྒྲོག་སྦྱང་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་གྲང་ཛའོ་(Freddy Lim)ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཡཱའོ་ཝིན་ཀྲེ་ལགས་སོགས་ནས་གཏམ་བཤད་གནང་། དེ་ཉིན་ཆར་པ་བབ་པ་སོགས་གནམ་གཤིས་ཤིན་ཏུ་གྲང་ཡང་མི་གྲངས་ཉིས་བརྒྱ་ཙམ་མཉམ་འཛོམས་གནང་བ་རྣམས་ཀྱིས་ཆར་པའི་ཁྲོད་ཐེ་ཝན་སྲིད་འཛིན་ཕོ་བྲང་མདུན་ཐང་བརྒྱུད་དེ་རྔམ་སྟོན་ཁྲོམ་སྐོར་བྱས། གོམ་བགྲོད་པ་རྣམས་རང་དབང་ཐང་ཆེན་དུ་འཁོར་མཚམས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་འགྲེམས་སྟོན་བཤམས་སའི་བོད་ལུགས་རས་གུར་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཆེད་བརྙན་པར་ཐོག་སྐུ་པར་སྣང་བརྙན་རེ་རེ་བཞིན་འཆར་བ་དང་མཉམ་དུ་བོད་ཕྲུག་གཞོན་སྐྱེས་གཉིས་ཀྱིས་ཁོང་རྣམ་པའི་མཚན་རེ་རེ་བཞིན་འདོན་གནང་མཛད།
གཞན་ཡང་དེ་ཉིན་ཚེས་ ༡༠ ཉིན་ཧོང་ཀོང་བོད་དོན་རྒྱབ་སྐྱོར་གནང་མཁན་ཁག་གཅིག་གིས་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བའི་གཏམ་བཤད་གོ་སྒྲིག་གནང་ཡོད་པ་དང་། སློབ་ཕྲུག་བདུན་ཅུ་ལྷག་གིས་མཉམ་ཞུགས་གནང་ཡོད་པ་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་བཀོད་ཡོད་པ་རེད།།