༢༠༡༧ ཟླ་ ༣ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷི་ཧཱར་མངའ་སྡེའི་ནཱ་ལེནྡྲ་རྫོང་དུ་རྟེན་གཞི་བྱས་པའི་རྒྱལ་པོའི་ཁབ་ཏུ་ Rajgir ན་ལེནྡྲ་གཙུག་ལག་ཁང་ཆེན་གསར་པའི་ Nav Nalanda Mahavira University ནང་༸ཞབས་སོར་འཁོད་མཚམས། གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ཨེམ་ཨེལ་ཤྲི་ཝ་སི་ཏ་བ་ Shri M.L. Srivastava མཆོག་གིས་གཙོས་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་མཐོ་སློབ་ཀྱི་རྭ་བའི་ནང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་མཛད་རྗེས་གཙུག་ལག་སློབ་ཁང་དེའི་ནང་དུ་ནང་པའི་ཚན་རིག་སློབ་ཁྲིད་ཀྱི་ཚན་པ་གསར་པ་ཞིག་དབུ་འབྱེད་མཛད།
དེ་ནས་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་གི་ཚོགས་ཁང་ནང་དུ་དགེ་ལས་སློབ་མ་གྲངས་ ༡༠༠ བརྒལ་བ་རྣམས་ལ་ཐོག་མར་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ Mahabodhi Society of India ཀྱིས་སྟོན་པ་བཅོམ་ལྡན་འདས་འཁྲུངས་ནས་ལོ་ ༢༥༠༠ འཁོར་བའི་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་ཐོག་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་རྒྱ་གར་དུ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་གཙུག་ལག་སློབ་ཁང་དེར་ཆིབས་སྒྱུར་བསྐྱངས་གནང་མཛད་པ་ཐུགས་དྲན་གསོ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན།
སྐབས་དེར་ཐོག་མའི་འཆར་རྒྱ་ནག་གི་སྲིད་བློན་ཀྲའོ་ཨེན་ལེ་ Chou En-Lai ཡང་གཙུག་ལག་ཁང་འདིར་ཕེབས་རྒྱུ་བྱས་པ་རེད། དེ་ནས་རྒྱུ་མཚན་གཞན་ཞིག་གི་ཐོག་ནས་ཕེབས་མ་ཐུབ་པར་བརྟེན་ཁོང་གི་ཚབ་ཏུ་ངོས་རང་ཡོང་བ་རེད། སྐབས་དེར་ངོས་རང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཞོན་རེད། འོན་ཀྱང་དེ་རིང་ངོས་རང་སྐྱབས་བཅོལ་བ་ཞིག་གི་ཐོག་ནས་བསླེབས་པ་རེད། སྐབས་དེར་ངོས་ལ་རང་དབང་མེད། འོན་ཀྱང་ད་ཆ་ངོས་ལ་རང་དབང་ཆ་ཚང་ཡོད། འདས་པའི་མི་ལོ་ ༥༨ རིང་ངོས་རང་རྒྱ་གར་དུ་བཙན་བྱོལ་བ་བྱེད་ནས་བསྡད་པ་རེད། རྒྱ་གར་གྱི་སྐུ་མགྲོན་ཡུན་རིང་ཤོས་སྡོད་མཁན་ཞིག་ཡིན། ཞེས་ཞལ་ཤོབ་མཛད་རྗེས་མུ་མཐུད་ནས་བཀའ་སློབ་སྩལ་དོན།
ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མཚམས་ངོས་ཀྱིས་བོད་མི་དགེ་བཙུན་རྣམས་ལ། ཁྱེད་རང་ཚོ་རབ་བྱུང་དང་བཙུན་མའི་རྟགས་ཆ་ལུགས་འཛིན་པ་ཙམ་དང་ཆོ་ག་ཕྱག་ལེན་འདྲ་བྱེད་ནས་བསྡད་པ་ཙམ་གྱིས་ཕན་ཐོགས་མེད། གཙོ་བོ་ནང་པའི་གཞུང་ལ་སློབ་གཉེར་བྱེད་དགོས། ཞེས་བརྗོད་པ་ཡིན། བཙུན་མ་ཚོ་ལའང་ནང་པའི་གཞུང་ལ་སློབ་གཉེར་བྱེད་དགོས་བརྗོད་རྒྱུ་བྱུང་།
འདས་པའི་མི་ལོ་བརྒྱ་ཕྲག་ཁ་ཤས་སྔོན་ལ་མཚོན་ན་བོད་པའི་བཙུན་མ་ཚོས་ནང་པའི་གཞུང་ཆེན་ཁག་ལ་དངོས་གནས་དྲང་གནས་ལོ་ནས་ལོ་བསྟུད་ནས་སློབ་སྦྱོང་བྱས་པ་དེ་འདྲ་ཧ་ལམ་བྱུང་མྱོང་མེད། དེར་བརྟེན་བཙུན་མ་ཚོར་ཏོག་ཙམ་མཐོང་ཆུང་བྱེད་པ་དེ་འདྲ་ཡོང་བཞིན་ཡོད།
བོད་མི་བཙུན་མ་རྣམས་ཀྱིས་ནང་པའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་། ལོ་ངོ་བཅོ་བརྒྱད་ནས་ཉི་ཤུའི་རིང་སློབ་སྦྱོང་བྱས། དཀའ་ལས་བརྒྱབ་པའི་འབྲས་བུར་ད་ཆ་བཙུན་མའི་དགེ་བཤེས་མའི་ལག་འཁྱེར་ཐོབ་པ་དེ་འདྲ་རེད། ཤེས་ཡོན་གྱི་ཐོག་ནས་བཙུན་མ་དེ་དག་སྐྱེས་པ་ཕོའི་དགེ་བཤེས་ཚོ་དང་འདྲ་འདྲར་བསླེབས་ཐུབ་ཡོད།
ཕྱོགས་གཅིག་ནས་ནང་ཆོས་ནས་གཙོ་བོ་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་གསུང་བཞིན་ཡོད་ཀྱང་ཚད་མ་རིག་པ་དང་གཏན་ཚིག་རིག་པའི་རྣམ་གཞག་ཧ་ལས་པའི་ཕྱུག་པོ་ཡོད། དེར་བརྟེན་རྒྱ་གར་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭའི་པཎ་གྲུབ་རྣམས་ཀྱིས་ཕྱི་རོལ་པ་རྣམས་ལ་རིགས་པའི་ལམ་ནས་ཚར་བཅད་པ་དང་སྦྲགས། ནང་པའི་གཞུང་དེ་ཡང་ཕྱུག་ཏུ་ཕྱིན་པ་དེ་འདྲ་བྱུང་ཡོད། དེ་མཚུངས་ཁྱེད་རང་ཚོས་ཀྱང་གཞུང་འདྲ་མིན་མང་པོར་གཟིགས་དགོས། དེ་འདྲ་བྱུང་བ་ཡིན་ན་གཞུང་ལུགས་སྤྱིའི་གོ་བ་ཡག་པོ་ལོན་ཐུབ།
དཔལ་ནཱ་ལེནྡྲའི་མཁས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ། ལེགས་ལྡན་འབྱེད། སངས་རྒྱས་བསྐྱངས་སོགས་ཧ་ཅང་མཁས་པ་ཆེན་པོ་དེ་འདྲ་གྲངས་ལས་འདས་པ་བྱུང་ཡོད། མཁས་པ་དེ་དག་གིས་སངས་རྒྱས་ཀྱི་བཀའི་དགོངས་དོན་རྣམས་ལེགས་པར་བཀྲལ་བ་ཙམ་དུ་མ་ཟད། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྣམས་ལུང་ཙམ་ལ་མ་བརྟེན་པར་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་གཏན་ལ་ཕབ་ཡོད་པ་དང་། ལེགས་བཤད་དེ་དག་དེ་སྔ་ཙམ་མ་ཟད། དེང་སྐབས་དུས་རབས་ ༢༡ ནང་འཚེ་མེད་ཞི་བའི་འཛམ་གླིང་སྐྲུན་རྒྱུར་ཞབས་འདེགས་རླབས་པོ་ཆེ་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ནང་དབང་སྒྱུར་བྱས་རྗེས་རིག་གནས་གསར་བརྗེའི་སྐབས་བོད་བརྒྱུད་ནང་བསྟན་རྟེན་དང་བརྟེན་པ་བཅས་པ་གཏོར་བཤིག་ཚབས་ཆེ་བཏང་བ་དང་། ༸གོང་ས་མཆོག་གིས་གཙོས་བོད་མི་ཁག་གཅིག་རྒྱ་གར་དུ་བྲོས་བྱོལ་ལ་༸ཞབས་སོར་འཁོད་གནང་མཛད་རྗེས་འགལ་རྐྱེན་སྣ་མང་འཕྲད་མིན་ལ་མ་ལྟོས་པར་རིམ་བཞིན་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ཉམས་པ་སླར་གསོའི་ལས་གཞིའི་ཐོག་ཐུགས་བརྩོན་མཛད་སྐོར་བཀའ་སློབ་སྩལ་དོན།
བོད་ནང་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ལག་བསྟར་མ་བྱེད་གོང་དགོན་པ་སྟོང་ཕྲག་མང་པོ་ཡོད། རིག་གནས་གསར་བརྗེའི་སྐབས་དགོན་པ་ ༦༠༠༠ ཙམ་གཏོར་བཤིག་བཏང་ཡོད། དེ་རྗེས་ངོས་རང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་འབྱོར་རྗེས་བོད་མི་དགེ་འདུན་པ་རྣམས་ལ་ནང་པའི་བསྟན་པ་ཉམས་པ་སླར་གསོའི་ཆེད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་༸གོང་ས་མཆོག་གིས་གཙུག་ལག་སློབ་ཁང་དེར་ཐུབ་པའི་སྐུ་བརྙན་ཞིག་དང་། དབུས་སུ་སྟོན་པ་བཅོམ་ལྡན་འདས་དང་མཐའ་འཁོར་དུ་རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གྱིས་སྐོར་ནས་བཞུགས་པའི་ཞལ་ཐང་ཞིག་ཕྱག་རྟགས་སུ་གསོལ་སྩལ་མཛད་རྗེས་ཁུལ་དེ་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འཚོགས་ཡུལ་དུ་ཆིབས་༸ཞལ་སྒྱུར་གནང་མཛད།
དེ་ཡང་རྒྱལ་པོའི་ཁབ་ Rajgir གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་འཚོགས་ཡུལ་དེར་༸ཞབས་སོར་འཁོད་མཚམས་ནང་པའི་ཐེག་པ་ཆེ་ཆུང་གི་བླ་ཆེན་དང་མཁན་པོ། སློབ་དཔོན། མཁས་དབང་སོགས་དང་ལྷན་བགྲོ་གླེང་མཛད། སྐབས་དེར་ནང་པའི་རྒྱལ་ཁབ་ཤྲི་ལངྐ་དང་། འབར་མ། མ་ལེ་ཤི་ཡ། ཐེ་ལན་ཌི། སོག་པོ། བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཨ་རི་དང་། ཨ་ཕི་རི་ཀ་སོགས་ནས་ཀྱང་ནང་པའི་དགེ་སློང་དང་མཁས་དབང་སོགས་མཉམ་ཞུགས་གནང་འདུག
དེ་ཡང་བགྲོ་གླེང་གི་བརྗོད་གཞི་གཙོ་བོ། དུས་རབས་ ༢༡ ནང་དུ་ནང་ཆོས་འདི་འབྲེལ་བ་ཇི་འདྲ་ཡོད། ཅེས་པའི་ཐོག་སྔ་དྲོའི་བགྲོ་གླེང་ཚོགས་ཐེངས་དང་པོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཤྲི་ལངྐ། ཐེ་ལན་ཌི། མ་ལེ་ཤི་ཡ་བཅས་ནས་དགེ་སློང་འདུལ་བ་འཛིན་པ་བགྲེས་པ་ཁག་གཅིག་དང་ཐེ་ལེན་ཌིའི་བཙུན་མ་གཅིག་བཅས་དབུ་བཞུགས་མཛད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་སྔ་དྲོ་འདི་ག་ལྷན་ཚོགས་ཐོག་ལམ་ཐག་རིང་བ་སོགས་དཀའ་ངལ་དུ་མ་ཁྱད་གསོད་ཀྱིས་འདིར་ནང་པའི་ཡུལ་གྲུ་འདྲ་མིན་ནས་སྐུ་ཚབ་ཆེད་མངགས་ཕེབས་ཡོད། དངོས་གནས་རང་སངས་རྒྱས་ཀྱི་བསྟན་པར་དགོངས་པ་བཞེས་ནས་ཕེབས་པ་རེད། རྗེས་སུ་ཡི་རངས་ཡོད། ངོས་རང་ཧ་ཅང་དགའ་པོ་བྱུང་།
དུས་རབས་ ༢༡ སྐབས་འདིར་ང་ཚོར་མིས་བཟོས་པའི་དཀའ་ངལ་དཔེར་ན། མིས་མི་གསོད་རེས་བྱེད་པ་དང་། ཨ་ཕི་རི་ཀའི་ནང་ལ་མཚོན་ན་མུ་གེའི་དཀའ་ངལ་བཅས་མང་པོ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་སེལ་རྒྱུའི་འགན་དེ་ཡང་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཡོད། ཕྱོགས་མཚུངས་ཁོར་ཡུག་གནས་སྟངས་ལ་མཚོན་ནའང་དཀའ་ངལ་འཕྲད་བཞིན་ཡོད། བཅོམ་ལྡན་འདས་ཀྱིས་ང་ཚོར་འཛམ་གླིང་གཞན་ཞིག་གནང་བ་ཡིན་ན་འདིར་སྡོད་མ་ཐུབ་ཀྱང་གནས་སྤོ་བྱེད་ཆོག་སྟབས་ང་ཚོ་ལྷོད་ལྷོད་བྱེད་ཆོག་ཀྱང་དེ་འདྲ་ནི་ཡོང་མི་སྲིད་པ་ཞིག་རེད། ང་ཚོར་སྡོད་ཁྱིམ་གོ་ལ་འདི་ཁོ་ན་ལས་མེད། དེར་བརྟེན་ང་ཚོས་བདག་གཅེས་ཡག་པོ་བྱེད་དགོས།
ང་ཚོ་ཚང་མ་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་འགན་ཡང་ཡོད། ང་ཚོ་ཕན་ཚུན་ཡང་ཡང་འཛོམས་ནས་བསམ་ཚུལ་སྤེལ་རེས་བྱེད་ནས་གཅིག་གིས་གཅིག་ནས་བློ་སྐྱེད་བླང་རེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་པ་ཡོངས་རྫོགས་ལ་བདེན་བཞིའི་རྣམ་གཞག་ནི་རྨང་གཞི་རེད། པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོས་ཤེས་རབ་སྙིང་པོ་ལྟ་བུ་ལེགས་སྦྱར་སྐད་ནས་གསུང་པའི་མདོ་ལ་དོ་སྣང་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཡོད།
ལྷག་པར་ཡེ་ཤུའི་ཆོས་པ་ཚོས་སྤྱི་ཚོགས་བདེ་དོན་སླད་སློབ་གྲྭ་བཙུགས་པ་དང་སྨན་ཁང་བརྒྱབ་པ་སོགས་ལས་གཞི་འདྲ་མིན་ནང་ཞབས་འདེགས་སྒྲུབ་བཞིན་པ་དེ་དག་ལ་ཡི་རངས་བསྔགས་བརྗོད་མཛད་པ་དང་སྦྲགས། ནང་པ་ཚོས་ཀྱང་མང་ཚོགས་ཀྱི་བདེ་དོན་ཆེད་ལས་འགུལ་རིགས་སྤེལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། དམིགས་བསལ་ནང་པའི་དབུ་ཁྲིད་ཚོས་སྣེ་ཁྲིད་ནས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་ཐབས་གནང་གལ་ཆེ་སྐོར་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་རྒྱལ་པོའི་ཁབ་ནས་ཆིབས་༸ཞལ་སྒྱུར་ཏེ་གྷ་ཡ་གྲོང་ཁྱེར་ཕྱོགས་སུ་སྟོན་འཁོར་དང་བཅས་ཆིབས་སྒྱུར་བསྐྱངས། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གྷ་ཡ་ནས་མདྱ་པྲ་དེ་ཤིའི་མངའ་སྡེའི་རྒྱལ་ས་བྷོ་པཱལ་ Bhopal དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་མངའ་སྡེའི་གྲོས་ཚོགས་ Vidhan Sabha སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་མངའ་གཞུང་གི་གྲོས་ཚོགས་འཐུས་མི་དང་གཞུང་ཞབས་ལས་བྱེད་སོགས་ལ། བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག
དེ་ཡང་མདྱ་པྲ་དེ་ཤི་མངའ་སྡེའི་གཞུང་གིས་བདེ་སྐྱིད་ཀྱི་ལྷན་ཁང་། Anand Sansthan ཞེས་པའི་མང་ཚོགས་ཀྱི་བདེ་སྐྱིད་གོང་སྤེལ་གཏོང་རྒྱུར་གཙོ་བོར་དམིགས་ནས་ལྷན་ཁང་གསར་པ་དེ་ཆེད་འཛུགས་གནང་བ་ཞིག་ཡིན་སྟབས། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆེད་མངགས་མགྲོན་འབོད་ཞུས་ནས་ལྷན་ཁང་གསར་པ་དེའི་དམིགས་ཡུལ་དང་མཐུན་པར། བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་མ་ཟད། ལོ་ཐོ་གསར་པ་ཞིག་ཀྱང་དབུ་འབྱེད་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་ Shivraj Singh Chouhan མཆོག་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སི་ཏ་ས་རན་ཤརྨ་ Sitasaran Sharma མཆོག་ཕེབས་རྒྱུ་ཡིན་འདུག
དེ་ཡང་མངའ་སྡེའི་རིག་གཞུང་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་མ་ནོཇ་ཤྲི་ཝ་སི་ཏ་བ་ Manoj Shrivastava ལགས་ཀྱིས་གསུང་དོན། ང་ཚོས་ནང་པའི་ལྟ་གྲུབ་ནས་གསུང་པའི་མི་ཚེ་ཞི་བདེ་བག་ཕེབས་ཐོག་སྐྱེལ་ཐབས་སྐོར་ལ་དོ་སྣང་བྱེད་ཡོང་སྐབས། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུ་རང་ཉིད་༸སྐུ་སྒེར་གྱི་༸སྐུ་ཚེའི་ནང་དཀའ་ངལ་སྣ་ཚོགས་འཕྲད་ཡོད་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་གཞི་རྩར་བཟུང་ནས་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་དབུ་ཁྲིད་མཛད་པ་མ་ཟད། འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏོང་གནང་མཛད་བཞིན་པ་དང་། ཁོང་གིས་མི་བཟང་པོ་ཞིག་བྱུང་ན་རང་བཞིན་གྱིས་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐུབ་རྒྱུ་ཡིན་པའི་ལམ་སྟོན་བཀའ་སློབ་དེ་དག་ནས་ང་ཚོར་བློ་སྐྱེད་དང་སྙིང་སྟོབས་སྐྱེས་བྱུང་། ཞེས་གསུངས།།