༢༠༡༧ ཟླ་ ༣ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་གནས་ཕོ་བྲང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་གསོ་སྦྱོང་ལ་ཆིབས་སྒྱུར་བསྐྱངས་གྲུབ་མཚམས་ཆུ་ཚོད་ ༨།༡༥ ཐོག་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་མགོན་པོ་གང་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བར་སྐྱེས་རབས་སོ་བཞིའི་བཀའ་ཆོས་སྩལ། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན།
ཕལ་ཆེར་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་བརྒྱ་གོང་བཅོམ་ལྡན་འདས་རྒྱ་གར་ལ་བཞུགས་པའི་སྐབས་དང་། བཅོམ་ལྡན་འདས་མ་བྱོན་གོང་གྲངས་ཅན་པ་དང་གཅེར་བུ་བ་སོགས་རྒྱ་གར་ཆོས་བརྒྱུད་མང་པོ་ཡོད། བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པ་དང་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། །ཞེས་གསུངས་ཡོད། ཟབ་པ་དང་ཞི་བ། སྤྲོས་པ་དང་བྲལ་བ་ཟེར་དུས་བདག་མེད་པའི་ལྟ་བ་གསུང་གི་ཡོད་རེད།
དེའི་ཚེ་དེའི་དུས་ཙམ་དུ་མ་ཟད་དུས་ད་ལྟ་བར་དུ་སངས་རྒྱས་པའི་ཆོས་གཅིག་པུ་རེད་མ་གཏོགས་གཞན་ཆོས་ལུགས་ཚང་མས་བདག་འདོད་ཀྱི་ཡོད། བདག་འདོད་པའི་ཐོག་བདག་བཟོ་མཁན་འཇིག་རྟེན་བཀོད་པ་པོའི་རྣམ་གཞག་ཅིག་ཡོང་བཞིན་ཡོད། དེ་ལྟ་བུའི་རྣམ་གཞག་དེ་དག་གིས་མི་ལ་ཕན་ཐོགས་ཀྱི་ཡོད། མི་དུང་ཕྱུར་མང་པོར་ཕན་ཐོགས་ཀྱི་འདུག ཡག་པོ་རེད།
ལྟ་གྲུབ་རང་གི་ཐོག་ནས་རིག་པས་དཔྱད་པ་བྱས་ནས་བསམ་བློ་བཏང་བ་ཡིན་ན། རིག་པས་ཕལ་ཆེར་ཚུགས་ཐུབ་རྒྱུ་མེད་མཁན། རིག་པས་དཔྱད་པ་བྱས་ན་ཕལ་ཆེར་ཚུགས་མི་ཐུབ་པ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་མེད་པ་གསུངས་ཡོད།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།
ཅེས་མྱང་འདས་འཆི་བ་མེད་པའི་གོ་འཕང་། མྱང་འདས་ཐོབ་པར་འགེགས་བྱེད་མཁན་ནི་ཉོན་མོངས་རེད། ཉོན་མོངས་ཀྱི་རྩ་བ་བདེན་འཛིན་ཟེར་ནའང་འདྲ། ཉོན་མོངས་ཀྱི་རྩ་བ་ཆགས་སྡང་མོངས་གསུམ་ཞེས། འདོད་ཆགས། ཞེ་སྡང་། གཏི་མུག་ཅེས་ང་རང་ཚོའི་དགོན་ཁག་ཏུ་སྲིད་པ་འཁོར་ལོ་ཆ་ལྔ་པ་ཞེས་བྲིས་ཡོད་པའི་ནང་། མཐའ་དེར་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་བྱེད་ཀྱིས་མ་རིག་རྒས་མོ་ལོངས་བ་ནས་མར་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་རྒྱུ་ནི་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྲོ་རྒྱུ་དེ་ཅིའི་ཕྱིར་ཡོང་གི་ཡོད་རེད། ཅེ་ན། ལས་ཀྱི་དབང་གིས་ཡོང་གི་ཡོད་རེད།
ལས་ལ་དཀར་ནག་གཉིས་ཡོད། ཆ་ལྔ་པ་དང་། ལྷ་དང་མི། དུད་འགྲོ་ལ་སོགས་པ་ཡོད་པ་དེ་དག་གི་ནང་ཕྱོགས་གཅིག་མཚོན་གྱི་གཞི་མ་དཀར་པོ་ཡར་འགྲོ་མཁན་ཞིག་དང་། ཕྱོགས་གཅིག་ལ་མཚོན་གྱི་གཞི་མ་ནག་པོ་ཁ་ཐུར་ལ་ལྟ་ནས་འགྲོ་མཁན་དེ་གཉིས་ཀྱི་ལས་དཀར་ནག་མཚོན་གྱི་ཡོད།
དེ་ལྟ་བུའི་ལས་དཀར་ནག་ནི་གང་གི་ཡོང་གི་ཡོད་རེད། ཅེས་ན། དེའི་དབུས་སུ་བྱ་ཕག་སྦྲུལ་གསུམ་ཡོད། བྱ་ཡིས་འདོད་ཆགས་མཚོན་པ་དང་། སྦྲུལ་གྱིས་ཞེ་སྡང་། ཕག་གིས་གཏི་མུག་མཚོན་གྱི་ཡོད། འདོད་ཆགས་དང་ཞེ་སྡང་གཉིས་གཏི་མུག་ལ་བརྟེན་ནས་ཡོང་གི་ཡོད་པར་མཚོན་བྱེད་དུ་སྦྲུལ་དང་བྱ་ཡི་མཇུག་མ་གཉིས་སྦྲུལ་གྱི་ཁ་ནས་མཐོན་པ། གང་ལྟར་སྲིད་པ་འཁོར་བར་འཁོར་རྒྱུ་འདི་ཉོན་མོངས་ལས་ཀྱི་བྱེད་ཀྱི་ཡོད། དེའི་རྩ་བ་ཉོན་མོངས་རེད། ཉོན་མོངས་ཀྱི་བྱེད་ཀྱི་ཡོད་རེད།
ཉོན་མོངས་དུག་གསུམ་རེད། དེའི་ནང་ནས་ཕག་མཚོན་པའི་གཏི་མུག་རེད། ང་རང་ཚོ་སུ་དང་སུ་ཡིན་ནའང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འོན་ཀྱང་སྡུག་བསྔལ་ཡོང་བཞིན་པ་དེ་མི་ཤེས་པའི་དབང་གི་རེད་མ་གཏོགས་ཤེས་ནས་སྡུག་བསྔལ་བཟོ་མཁན་སུའང་ཡོང་གི་མ་རེད།
དེར་བརྟེན་མི་ཤེས་པའི་དབང་ག྄ིས་ཡོང་གི་ཡོད་པ། མ་ཤེས་པར་རིམ་པ་མང་པོ་ཡོད་པའི་ནང་ནས་མཐར་གཏུགས་ཡོང་དུས་བདག་ཏུ་འཛིན་པའི་བདག་འཛིན་གྱིས་བྱེད་ཀྱི་ཡོད་པ། དེར་ཕྲ་རགས་མང་པོ་ཕྱེ་ཡོང་དུས་མདོར་ན། ཤེས་རབ་སྙིང་པོ་ནང་ཡོད་པའི་ཆོས་ཐམས་ཅད་རང་བཞིན་གྱི་གྲུབ་པའི་སྟོང་པ་རེད། དཔེར་ན། གཟུགས་ལྟ་བུ་མཚོན་ན། གཟུགས་སྟོང་པའོ་གསུང་གི་ཡོད། གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་སོགས་པ་དེ་དེག་ཚང་མ་བཏགས་དོན་བཙལ་ན་བརྙེད་རྒྱུ་མེད། གཟུགས་སྟོང་པའོ་ཟེར་དུས་གཟུགས་མེད་པའི་སྐད་ཆ་བཤད་ཀྱི་མེད། གཟུགས་ཡོད་ཀྱང་གཟུགས་ཀྱི་ངོ་བོ་ག་འདྲ་འདུག བསམ་བློ་གཏང་ནས་དཔྱད་པ་བྱས་ན་ཁྱོན་ནས་བརྙེད་རྒྱུ་མེད།
དེར་བརྟེན་གཟུགས་སྟོང་པའོ། ང་རང་ཚོའི་བློ་ལ་སྣང་ཡོང་དུས་དཔེར་ན། ཕྱི་རོལ་པས་ཤིང་གི་དབྱིབས་དང་ཁ་དོག་ལ་སོགས་པ་ལ་གཟུགས་ཞེས་མཛུབ་མོ་འཛུགས་ཀྱི་ཡོད། ང་རང་ཚོས་དཔེར་ན། ཤིང་ག་བར་འདུག་ཟེར་དུས་ཕ་གིར་ཞེས། བརྗོད་དུས་རང་ངོས་ནས་གྲུབ་པ་ཞིག་ཤར་གྱི་ཡོད། ཕར་བཙལ་དུ་ཕྱིན་པ་ཡིན་ན། ཤིང་དེའི་ཁ་དོག དབྱིབས། རྒྱུ་བཅས་ཕར་བཙལ་དུ་ཕྱིན་པ་ཡིན་ན། ཤིང་གི་ཁ་དོག་དང་དབྱིབས། ལོ་མ། ཡལ་ག སྡོང་པོ་བཅས་ཕར་བཞག་ན། སྡོང་པོ་དང་ལོ་མ། ཡལ་ག རྩ་བ་བཅས་དེ་ཚོའི་གྲས་གང་རེད་ཅེ་ན། ཤིང་གི་རེད་ཟེར་གྱི་རེད། ལོ་མ་དང་རྩ་བ། སྡོང་པོ། དེ་བཞིན་ཤིང་གི་དབྱིབས་དང་ཁ་དོག་གང་རེད། ཅེ་ན། ཤིང་དེ་རེད། འོ་ན་ཤིང་དེ་གང་རེད། ལོ་མ་དང་ཡལ་ག་སོགས་ཕར་བཞག་པ་ཡིན་ན། ཤིང་བརྙེད་རྒྱུ་མེད། འདི་ཚན་རིག་པས་བཤད་ཀྱི་ཡོད།
དེ་བཞིན་ནང་གི་བདེ་སྡུག་གི་ཚོར་བ་ཡོང་བཞིན་སྟབས། ཚོར་བར་ཡག་པོ་བསམ་བློ་བཏང་བ་ཡིན་ན། ལུད་ཚོར་དང་སེམས་ཀྱི་ཡིད་ཚོར་ཞེས་ཡོད། ལུས་ཀྱི་ཚོར་བ་ཟེར་དུས་རྐྱེན་དེ་ལུས་དང་འབྲེལ་བ་ཡོད་ཀྱང་ཚོར་བ་མྱོང་མཁན་ནི་ཤེས་པ་ཆགས་ཡོད། ང་ཚོའི་བློ་ལ་ལུས། ཞེས་ལྷང་ངེར་ཡོད་པ་ཞིག་བློ་ལ་ཤར་ཡོང་བ་དང་། སེམས་ཟེར་དུས་ལྷང་ངེ་ཡོད་པ་ཞིག་བློ་ལ་ཤར་ཡོང་གི་ཡོད་རེད་དེ་ཕལ་བཙལ་དུས་ཁྱོན་ནས་བརྙེད་རྒྱུ་མེད།
དེར་བརྟེན་སངས་རྒྱས་པས་བདག་མེད་པ་གསུང་རྒྱུའི་ལྟ་གྲུབ་དངོས་པོའི་གནས་ཚུལ་ཞིབ་ཚགས་པོའི་ཐོག་བརྟག་དཔྱད་བྱས་ནས་གཏན་ལ་ཕབ་པའི་དངོས་པོ་ཡིན་ལུགས་ཇི་མ་ཇི་བཞིན་གསུང་བཞིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་རྒྱུ་མཚན་བརྟག་དཔྱད་ཇི་ཙམ་བྱས་ཀྱང་རིག་པའི་སྒྲུབ་བྱེད་མ་གཏོགས་རིག་པའི་གནོད་པ་མེད་པའི་ལྟ་གྲུབ་འདི་འདྲ་ཞིག་གསུངས་པ་དང་ཆབས་ཅིག་དེའི་ཚེ་དེའི་དུས་བདག་དུ་ལྟ་མཁན་གྲུབ་མཐའ་སྨྲ་བས་བཅོམ་ལྡན་འདས་ཀྱིས་བདག་མེད་པ་གསུང་དུས་ཕྲན་བུ་ཡ་མཚན་པོ་ལྟ་བུ་མཐོང་ནས་དེ་ལ་རིགས་པས་ལམ་ནས་འགག་པ་བརྒྱག་རྒྱུ། རིགས་པའི་ལམ་ནས་འགག་པ་བྱེད་རྒྱུ་མེད་སྟབས་རྫུ་འཕྲུལ་ལྟ་བུ་སྟོན་ནས་རྫུ་འཕྲུལ་ལམ་ནས་ཆོ་འཕྲུལ་རྩེད་རྒྱུ་དེ་འདྲ་བྱུང་བ་ཡིན་པ་རེད།
བཅོམ་ལྡན་འདས་ཀྱི་རིགས་པའི་ལམ་ནས་ཞེ་ས་མ་ཞུས་ན་གསལ་བཤད་དང་རྩོད་པ་བསྐྱོན་རྒྱུར་ཁྱོན་ནས་ཐོགས་པ་མེད་པ་རེད། མུ་སྟེགས་པས་རྫུ་འཕྲུལ་འདྲ་སྟོན་ཡོང་དུས་དེ་ལ་གཞིག་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་འདྲ་བསྟན་ཡོད་སྟབས།
དེ་འདྲའི་དུས་ཚིགས་རྩ་བའི་ལོ་རྩི་སྟངས་མི་འདྲ་བ་ཞིག་ཡོད་པ་ཡིན་དུས་ཏག་ཏག་བཤད་ཐུབ་ཀྱི་མ་རེད། གང་ལྟར་ང་རང་ཚོ་ཡོངས་གྲགས་བོད་ཟླ་དང་པོའི་ནང་ཆོ་འཕྲུལ་ཟླ་བ་ཞེས་ཆོ་འཕྲུལ་གནང་རྒྱུའི་ལོ་རྒྱུས་གྲས་བཤད་བཞིན་ཡོད། འདི་སྟོན་པའི་མཛད་པ་རྗེས་སུ་དྲན་རྒྱུའི་ཆོ་འཕྲུལ་སྨོན་ལམ་ཞེས་ཕལ་ཆེར་རྗེ་རིན་པོ་ཆེས་གཙོ་འདོན་གནང་བ་ཡིན་པ་འདྲ།
རྗེ་རིན་པོ་ཆེའི་མཛད་ཆེན་བཞིའི་ནང་ནས་ཡ་རྒྱལ་གཅིག་ཅེས་ནམ་རྒྱུན་གསུང་རྒྱུན་ཡོད། དེ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་པོ་ཚུགས་གནང་སྟེ་ཕལ་ཆེར་ལོ་ ༦༠༠ ཙམ་ཕྱིན་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་རྗེས་མགོ་སྟོད་ལོ་གཅིག་གཉིས་ཕལ་ཆེར་བྱུང་མེད། དེ་ནས་ཆོ་འཕྲུལ་སྨོན་ལམ་དུས་ཆེན་རྡ་སར་ཚོགས་ཀྱི་ཡོད། དེ་བཞིན་གདན་ས་ཚོ་ལའང་ཚོགས་ཀྱི་ཡོད། དེ་ལྟར་ཕྱིན་པ་རེད། དེ་རིང་ཆོ་འཕྲུལ་སྨོན་ལམ་དུས་ཆེན་རེད། སྨོན་ལམ་སྐབས་ཞོགས་པ་ལྷ་ས་ཆོས་རར་སྟོན་པའི་སྐྱེས་རབས་གསུང་རྒྱུའི་ཕྱག་སྲོལ་ཡོད། འདི་བཀའ་གདམས་གཞུང་དྲུག་ཟེར་རྒྱུ་དེ་རེད་འདུག བསྟན་པ་སྔ་དར་མཁན་སློབ་ཆོས་གསུམ་ནས་མར་བྱས། བར་སྐབས་ཉམས་ཆག་ཧ་ཅང་ཕྱིན་ཏེ་ལོ་ཆེན་རིན་ཆེན་བཟང་པོ་དང་ཇོ་བོ་རྗེ་དེ་ཚོའི་སྐབས་གཞི་ནས་འདུལ་བའི་བསྟན་པ་གཙོ་བོར་གྱུར་པའི་ལུང་རྟོགས་ཀྱི་བསྟན་པ་སླར་གསོ་ཤུགས་ཆེན་པོ་བྱུང་བ་ཡིན་པ་རེད། དེ་ནས་མར་བསྟན་པ་ཕྱི་དར་ཟེར་གྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་སྐྱེས་རབས་ཀྱི་བཀའ་ཆོས་ཁག་དབུ་འཛུགས་མཛད། །