༢༠༡༧ ཟླ་ ༣ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་ཆེ་ཁག་ཏུ་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ཉིན་ནི་བོད་མིས་རྒྱ་དམར་གྱིས་བཙན་འཛུལ་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་མི་ལོ་ ༥༨ འཁོར་བའི་དུས་དྲན་ཉིན་མོ་ཡིན་ཞིང་། འདི་ག་ཨོ་གླིང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱལ་ས་ཁེན་བྷེ་ར་དང་། སི་ཌི་ནི་གྲོང་ཁྱེར། མེལ་སྦོན། སྦིར་སི་སྦིན། ཏ་སི་མ་ནི་ཡ། ནིའུ་ཁ་སེལ། ལྷོ་ཨོ་སི་ཊོ་ལི་ཡ་དང་། ནིའུ་ཛི་ལེན་གྱི་གྲོང་ཁྱེར་ཆེ་ཁག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་ཞིག་སྤེལ་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་རྒྱལ་ས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་དང་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་རྣམས་རྒྱལ་སའི་དཀྱིལ་ཁྲོམ་དུ་འདུ་འཛོམས་བྱས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་ལྷང་ལྷང་གཡོག་པ་དང་འབྲེལ། རྒྱལ་གླུ་དང་གསུམ་བཅུའི་དྲན་གླུ་བཏང་གྲུབ་མཚམས། བོད་པ་གཞོན་སྐྱེས་ཚོར་བོད་ནང་གི་ཁོར་ཡུག་གི་གནས་སྟངས་དང་། ཆོས་དད་རང་མོས་ཀྱི་གནས་སྟངས། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས། རྒྱ་མིས་འཛུགས་སྐྲུན་ཁ་ལ་འཁྱེར་ནས་བོད་ནང་མི་འབོར་ཕོན་ཆེ་གནས་སྤོ་བྱེད་བཞིན་པ་སོགས་དང་འབྲེལ་བའི་སྐོར་གཏམ་བཤད་དང་། དྲི་བ་དྲིས་ལན་གྱི་ལམ་ནས་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་གོ་སྒྲིག་གནང་ཡོད་པ་མ་ཟད།
ལྷག་པར་སྐུ་ཚབ་དོན་གཅོད་མཚོ་འགོ་ལྷག་པ་ལགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུམ་དུས་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད། དེ་ནས་ལས་འགུལ་བ་རྣམས་ཁེན་བྷེ་ར་ཁྲོམ་དཀྱིལ་ནས་རྒྱ་མིའི་གཞུང་ཚབ་བར་སྐད་འབོད་ཤུགས་ཆེ་བརྒྱབ་སྟེ་ཞི་བའི་གོམ་བགྲོད་བྱེད་སྐབས། གཡས་གཡོན་གྱི་མི་ཚོགས་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། མཐར་རྒྱ་མིའི་གཞུང་ཚབ་མདུན་དུ་ཕྱེད་ཡོལ་ཆུ་ཚོད་གསུམ་པ་ཙམ་བར་ཞི་རྒོལ་སྐད་འབོད་བྱས་ཡོད།
གྲོང་ཁྱེར་སི་ཌི་ནི་ནི་བོད་མི་འདུས་སྡོད་ཀྱི་ས་གནས་ཆེ་ཤོས་དེ་ཡིན་སྟབས། སི་ཌི་ནི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བོད་མི་ ༤༠༠ ཙམ་དང་། ཕྱི་རྒྱལ་དང་རྒྱ་རིགས་དོན་གཉེར་བ་ཕོན་ཆེ་སི་ཌི་ནི་གྲོང་ཁྱེར་གྱི་དབུས་མར་ཊིན་པེ་ལེ་སི་ Martin place ས་ཁུལ་དུ་འདུ་འཛོམས་བྱས་ཏེ།
གསུམ་དུས་བྱེད་སྒོ་ཁག་གྲུབ་མཚམས་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་། ལྷོ་གསར་ཝེ་ཨེ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ལྗང་ཁུ་ཚོགས་པའི་ཚོགས་མི་སྐུ་ཞབས་འཇོ་མེ་པད་དཀར་ Jamie Parker མཆོག ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་གྲོགས་པོ་རྙིང་པ། ཡེ་ཤུའི་ཆོས་དཔོན་སྦིལ་ཁི་རུས་ Bill crews མཆོག་སོགས་ནས་དུས་དྲན་སྲུང་བརྩི་དང་འབྲེལ་བའི་གལ་ཆེའི་གཏམ་བཤད་སྤེལ་ཡོད། དེ་ནས་ལས་འགུལ་བ་རྣམས་སི་ཌི་ནི་གྲོང་དཀྱིལ་ནས་བཤགས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་རྒྱ་མཚོའི་རྦ་རླབས་འཕྱུར་བ་ལྟར་དང་།
བདེན་པའི་འབོད་ཚིག་འབྲུག་སྒྲ་གྲགས་པ་ལྟར་བརྒྱབ་སྟེ་རྒྱ་མིའི་གཞུང་ཚབ་བར་སྤྱི་ལེ་བཅུ་ཙམ་གྱི་ཞི་བའི་གོམ་བགྲོད་བྱས་པ་དང་། རྒྱ་མིའི་གཞུང་ཚབ་མདུན་དུ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཁྲིན་ཡུང་ལིང་ལགས་དང་། ཁོང་དེ་སྔོན་རྒྱ་ནག་གཞུང་ཚབ་ཁང་གི་དྲུང་ཡིག་ཆེན་མོ་ཡིན་པ་དང་། ཕྱིས་སུ་རྒྱ་གཞུང་ལ་ངོ་ལོགས་ཏེ་ཨོ་གླིང་དུ་སྐྱབས་བཅོལ་ཞུས་ཡོད། མང་གཙོ་དོན་གཉེར་བའི་འགོ་ཁྲིད་གྲགས་ཅན་འབུམ་རམས་པ་ཀྲུང་ཅིན་ཇང་ལགས། མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཆིང་ཅིན་སོགས་ཕྱི་ནང་གནད་ཡོད་མི་སྣ་མང་པོས་གཏམ་བཤད་གནང་སྟེ། ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་དུ་ལས་འགུལ་ལེགས་པར་གྲུབ་ཡོད།
མེལ་སྦོན་ནི་ཨོ་གླིང་གི་གྲོང་ཁྱེར་ཆེ་ཤོས་གཉིས་པ་དང་བོད་མི་འདུས་སྡོད་ཆེ་ཤོས་གཉིས་པའང་ཡིན། དེ་ཡང་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་བརྒྱ་ལྷག་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་མེལ་སྦོན་གཞུང་གཉེར་དཔེ་མཛོད་ཁང་གི་མདུན་ཐང་དུ་འདུ་འཛོམས་གྲུབ་མཚམས། འཆར་ཅན་བྱེད་སྒོ་ཁག་སྤེལ་བ་དང་འབྲེལ་བཀའ་སྤྱི་གཉིས་ཀྱི་གསུམ་བཅུའི་གསུང་བཤད་བོད་ཨིན་གཉིས་ཐོག་སྒྲོགས་སྦྱང་གནང་བ་མ་ཟད། མ་ཎི་གསོག་སྒྲུབ་གནང་བ། རྒྱ་མིའི་གཞུང་ཚབ་བར་ཞི་བའི་གོམ་བགྲོད་བྱས་པ་སོགས་ལས་འགུལ་སྤེལ་བའི་རིགས་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད།
ནིའུ་ཛི་ལེན་ཌི་གྲོང་འཁྱེར་ཨོག་ལེན་ཌི་རུ་གསུམ་བཅུའི་དུས་དྲན་ཉིན་དྲག་ཆར་རླུང་ཚུབ་ཤུགས་ཆེ་བྱུང་འདུག་ཀྱང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་དོན་གྲུབ་ལགས་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་སྐལ་བཟང་ལགས། དེ་བཞིན་ས་གནས་མི་མང་ཁག་གཅིག་དང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་བཅས་འདུ་འཛོམས་གནང་སྟེ་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་བ་བཅས་མདོར་ན་ད་ཐེངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཨོ་གླིང་དུ་བོད་རིགས་གནས་སྡོད་བྱེད་སའི་གྲོང་ཁྱེར་ཁག་བདུན་དང་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་ཁག་ཏུ་བོད་མི་འདུས་སྡོད་མང་ཉུང་ལ་མ་ལྟོས་པར་ས་ཁུལ་ཚང་མས་ལས་འགུལ་སྣ་མང་སྤེལ་ཏེ་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད།